Tuesday, 15 May 2012

རང་རྣ་ཀྲོང་ཀྲོང་འདི་ལ་གྲོས་ཤིག་འདེབས།

༅།། །།རང་རྣ་ཀྲོང་ཀྲོང་འདི་ལ་གྲོས་ཤིག་འདེབས།


རྒྱལ་བའི་རྣ་ནི་རྒྱལ་བའི་མཚན་ཉིད་ཚང་།།
དམ་པའི་རྣ་ནི་ལེགས་བཤད་བསྡུ་བྱེ
ད་དང་།།
མཁས་པའི་རྣ་ནི་དཔྱད་པ་བྱེད་པའི་
རྣ།། མཆོག་གྱུར་རྣ་བ་དེ་དག་གུས་པས་བསྟོད།།

ཕོ་གཞོན་རྫིག་པོའི་རྣ་དང་མཛེས་མའི་རྣ།།
རྣ་བ་དི་དག་རྒྱན་ཆ་བཏག་ཡུལ་ཙམ།།
རྒན་རྒོན་རྣ་ནི་ཉམས་མྱོང་ཅན་གྱི་རྣ།།
དགེ་ཕྲུག་རྣ་ནི་རྒན་གྱིས་འཐེན་བྱ་ཙམ།།

གཞན་གྱི་རྣ་བའི་ཉམས་མྱོང་བདག་ལ་མེད།།
རང་རྣ་འདི་ལ་མཚང་ཞིག་མ་བྲུས་ན་།
འདས་པའི་མི་ཚེ་འདི་ཡིས་འཕུངས་བཞག་འདུག།།
དེ་ཕྱིར་རྣ་ཁྱོད་པོག་ན་ཕོག་བཞིན་ཉོན།།

ང་རྒྱལ་ཅན་གྱི་རྣ་བ་ཁྱོད།།
མཐོ་ཡང་དབང་ཆ་ཏིལ་ཙམ་མེད།།
ཆེ་ཡང་རིན་གོང་ཅི་ཡང་མེད།།
དེ་ཕྱིར་གཏམ་འདི་དར་གཅིག་གསོན།།

རྣ་བ་སྒོར་སྒོར་ཀྲོང་ཀྲོང་སྣ་ཚོགས་མཆིས།།
རྣ་མཆོག་ཟེར་ནས་རྣ་རྒྱན་བཏགས་ན་ཡང་།།
རྣ་འདིས་ལེགས་བཤད་ཉན་སྐབས་བོང་རྣ་འདྲ།།
རྣ་འདིས་འདོད་གླུ་ཐོས་ན་ཀྲོང་ངེར་ལང།།

རྣ་འདིར་ཐོས་འཛིན་ཟེར་ཡང་ཐོས་ནས་བཏང།།
རྣ་འདིར་ཉན་བྱེད་ཟེར་ཡང་ཉན་སྟངས་སྐྱོ།།
རྣ་འདིར་རླུང་དང་ལྷག་པས་སྔོན་ནས་གྲང།།
རྣ་འདིར་དྲོད་དང་ཉི་མས་སྔོན་ནས་འཚིགས།།

རྣ་འདིས་གཞན་་སྐྱོན་ཐོས་ན་་དགའ་ལྷང་ལྷང།།
རྣ་འདིས་རང་སྐྱོན་གོ་ན་སྐྱོ་་ལྷང་ལྷང་།།
རྣ་འདིས་དྲང་བདེན་ཐོས་ཀྱང་བདེན་པས་སྟོང་།།
རྣ་འདི་ཕྱོགས་ལྷུང་ཆེ་བའི་ཤ་ལེབ་ཅིག།།

རྣ་འདི་གཞན་ཟེར་ཟད་པའི་སྤྲང་ཕོར་ཞིག།།
རྣ་འདི་ཀྱོག་ཀྱོག་ཡིད་ཀྱི་གཡོག་པོ་དང།།
རྣ་འདིར་འགྲམ་པ་གཉིས་ཀྱི་སོ་པ་སྟེ།།
རྣ་འདིར་བརྟགས་ན་རང་ཚུགས་མི་འདུག་གོ།།

རྣ་འདི་སྐྲག་ན་སྦར་མོའི་འོག་ཏུ་གབ།།
རྣ་འདི་གྲང་ན་སྦར་མོའི་འོག་ཏུ་གབ།།
རྣ་འདིས་སྐྱབ་གནས་སྦར་མོར་བཅོལ་ན་ཡང་།།
རྣ་འདིས་སྐྱོབ་པོར་བཀའ་དྲིན་གསོལ་མྱོང་མེད།།

རྣ་འདིས་ཉན་ཉན་ཉིད་ཀྱིས་ལེབ་ལེབ་ཆགས།།
རྣ་འདི་སྡིག་མོས་གཏམ་གྱིས་སྲབ་སྲབ་ཆགས།།
རྣ་འདིས་ཚིག་མཚོན་རྣོ་བོས་བུག་ག་ཆགས།།
རྣ་འདི་སྡུག་བདེན་ཡིན་པ་ངང་གིས་གྲུབ།།

རྣ་འདིས་གཞན་སྐྱོན་ཉན་ནས་རང་དོན་བརླགས།།
རྣ་འདིས་རང་སྐྱོན་སྦས་ནས་གཞན་མཚང་བྲུས།།
རྣ་འདིས་དགེ་སྡིག་དབྱེ་མཚམས་མེད་པ་བཟོས།།
རྣ་འདིས་ཡོད་ཚད་ཕུང་ལ་སྦྱར་གྲབས་འདུག།།

གཏད་ར་མེད་པའི་རྣ་བ་ཁྱོད་།།
སྡིག་གྲོགས་གཏམ་ལ་ཉན་ཚོད་གྱིས།།
ཆོས་མཐུན་གཏམ་ལ་སྤྲོ་བས་ཉོན།།
གཟུ་བོའི་བློ་དང་འབྲལ་མེད་གྱིས།

གལ་ཏེ་དེ་ལས་ལྡོག་གྱུར་ན།།
བརྩོན་འགྲུས་དབྱིག་གི་བརྡར་རྡོ་ལ་།།
ཤེས་རབ་རལ་གྲི་ལེགས་བརྡར་ནས།།
ཉོན་མོངས་རྣ་དང་གཏི་མུག་རྣ།།
མ་ལུས་གཅོད་པ་རྟིང་་ཚིག་ཡིན།།
ཞེས་རང་རྣ་ཀྲོང་ཀྲོང་འདི་ལ་བརྟགས་པ་ཅུང་ཙམ་བྱས་པའི་རྟོགས་པ་ས་ལ་བརྡལ་བ་འོ

རང་ཁ་གྲུ་བཞི་འདི་ལ་གྲོས་ཤིག་འདེབས།

རང་ཁ་གྲུ་བཞི་འདི་ལ་གྲོས་ཤིག་འདེབས།

ཁ་ལ་སྒོ་ལྕགས་མེད་གྱུར་པས།།
ཁ་རུ་ཁ་ཐུག་མང་པོ་རྙོག་བཤད་བྱས།
ཁ་གང་སྐར་མ་གཅིག་ཀྱང་མ་རག་གོང་།
ཁ་ན་མ་མཐོའི་འོག་ཏུ་ཁ་ཡིས་བཙུད།

ཁ་ཆུང་གྲུ་བཞི་གྱོད་ཀྱི་་སྒོ་མོ་ཉིད་།།
ཁ་མཆུ་མང་པོ་འདི་་ཡིས་བཟོས་གྱུར་པས།།
ཁ་འདི་ཁ་རོག་ཅུང་ཙམ་མ་བཞག་ན།།
ཁ་འཐོར་ཡ་འཐོར་འདི་ཡིས་གཏང་ཉེས་གདའ།།

ཁ་འདིས་མི་ལ་མེད་པའི་སྨྲ་འབེབས་དང་།།
ཁ་འདིས་རང་ལ་་འཇོན་ཐང་ཡོད་རབ་དང་།།
ཁ་འདིས་ཁ་སྤུའི་འོག་ཏུ་མ་གབ་པར།
ཁ་ཤ་འཕྲེད་ལ་བརྐྱངས་ནས་ཁ་ཡིས་གླེང་།།

ཁ་དམག་རྒྱབ་དུས་ཁ་འདིར་་རྒྱལ་ཁ་མེད།།
ཁ་མཆུ་ཐུག་དུས་ཁ་འདིས་འཇོན་མྱོང་མེད།།
ཁ་ཁུ་སིམས་པོར་ཁ་འདིས་བཞག་མྱོང་མེད།།
ཁ་ཅན་བདག་གི་ཁ་ལ་རིན་ཐང་མེད།།

ཁ་དོག་དཀར་དམར་འགྲོ་སྟངས་མེད་པའི་ཁ།།
ཁ་བབ་རྣམ་བཞིའི་ལོ་རྒྱུས་མེད་པའི་ཁ་།།
ཁ་བ་ཅན་ལ་ཕན་པ་མེད་པའི་ཁ།།
ཁ་ཆག་སྣ་རལ་བཟོ་མཁན་ཁ་འདི་སྤངས་།།

ཁ་ཡིས་ཁ་མཁས་བཤད་པ་རང་གི་དོན་།།
ཁ་ཡིས་ཁ་ངན་འདེབས་པ་རང་གི་དོན།།
ཁ་ཡིས་ཁ་ཏ་བྱེད་པ་རང་གི་དོན།།
བརྟགས་ན་སོ་སྐྱེའི་ཁ་ལ་རིན་ཐང་མེད།།

ཁ་ཁྱོད་དམ་པའི་ཆོས་ཁར་མ་གྱུར་ཀྱང།།
ཁ་ཁྱོད་ཉོན་མོངས་བདུད་ཁར་མ་གྱུར་ཅིག།།
ཁ་ཁྱོས་ཤེས་བྱའི་ཁ་མཐའ་མ་ཆོད་ཀྱང་།།
ཁ་ཁྱོས་ཁྭ་ཏའི་ཁ་བཞིན་མ་བྱེད་ཅིག།།

ཁ་བ་གངས་ཅན་ཞིང་གི་མགོན་པོ་ཡིས།
ཁ་བའི་འདབ་མ་འབབ་པའི་ཁ་འདི་ལ།།
ཁ་འཛིན་མགོན་སྐྱོབ་འབྲལ་བ་མེད་པའི་ངང་།།
ཁ་ཆུང་འདི་ཉིད་གཡང་ལས་འདྲེན་པར་མཛོད།།

Saturday, 12 May 2012

ཋཱཀོར་གྱི་ཚབ་མཚོན་སྙན་རྩོམ་ཚོམ་བུ་གསུམ་་བོད་བསྒྱུར་བྱས་པ།

གསེར་གྱི་འབྲུ་རྡོག་ཕྲ་མོ་ཞིག
acharya tashi gyalpo
(A Little Grain Of Gold)

གྲོང་གསེབ་ཀྱི་སྲང་ལམ་ན།
ང་རང་ཁྱིམ་སྒོ་ནས་ཁྱིམ་སྒོ་མྱུལ་བཞིན།
སློང་མོ་བའི་ལས་ལ་ཞུགས།
ཡིད་དུ་འོང་པའི་གཉིད་ལམ་བཞིན།
རྒྱང་རིང་གི་མཁའ་མཐའ་ནས།
གསེར་གྱི་ཤིང་རྟ་འཆིབ་པའི་ལྷ་ཡི་ལྷ།
ང་ཡི་དད་འདུན་ཁྲོད་དུ་མངོན་པར་ཕེབས།

བདག་གིས་དཀའ་སྡུག་གི་མི་ཚེ་རྫོགས་པར་རེ་ཞིང༌།
ང་ཡི་རེ་བ་མཐོ་པོར་བསྙེགས།
བདག་ལ་སྦྱིན་པའི་དངོས་པོ་ཐོབ་པའི་ཕྱིར།
སློང་མོ་བའི་གདུང་འབོད་མ་བྱས་པར།
ལམ་འགྲམ་ན་འགྲེངས་ཏེ་ཁྱོད་ལ་བསྒུགས།
རྡུལ་གྱིས་ཁེངས་པའི་ཕྱོགས་ཀུན་ན།
རིན་ཆེན་དབྱིག་ནོར་གཏོར་བར་རེ།

ང་རང་འགྲེང་པའི་ལམ་འགྲམ་དེར།
གསེར་གྱི་ཤིང་རྟ་སྐྱོད་མཚམས་བཞག།
ཁྱོད་ཀྱིས་སྤྱན་ཟུང་ཧུར་རེར་ཕྲན་ལ་འཁྱུད།
འཛུམ་བཞིན་ཤིང་རྟའི་འཕང་ལས་གཞོལ།
བདག་གིས་མི་ཚེར་སྙིང་པོ་སྦྱིན་ནམ་དྲན།
ཁྱོད་ཀྱིས་ཕྱག་གཡས་གློ་བུར་ཕྱིར་བརྐྱངས་ཏེ།
"ཁྱོད་ཀྱིས་ང་ལ་ཅི་ཞིག་སྦྱིན་ནམ་?"གསུངས།


ཀྱེ་མ་ ལྷ་ཡི་ཅི་འདྲའི་ཀུ་རེ་ལ།
ཁྱོད་ཀྱིས་ཕྱག་ཟུང་རབ་ཏུ་ལྡིར་བཞིན་དུ།
སྤྲང་པོ་བདག་ལ་སློང་བར་བྱེད།
གུས་ནི་མགོ་བོ་རབ་ཏུ་རྨོངས༌།
ཅི་བྱེད་མེད་པར་ཅུང་ཙམ་ལུས།
དེ་ནས་ཁོ་བོས་སྤྲང་སྒྱེ་ནས།
མ་རྨོས་འབྲུ་རྡོག་ཆུང་ངུ་ཞིག།
ག་ལེར་ཕྱི་རུ་འཕྱུང་ཏེ་ཁྱོད་ལ་ཕུལ།


ཉིན་བྱེད་ཆུ་ལྷའི་འཕང་བར་ཡིབ་པའི་དུས།
བདག་གིས་སྤྲངཁུག་སྤྲུགས་ཏེ་སྟོང་པར་བཅོས།
ཤིན་ཏུ་ཉམ་ངའི་འབྲུ་ཕུང་ཁྲོད།
གསེར་འབྲུ་རྐང་གཅིག་འོད་དུ་འཚེར།
དེ་ཡིས་ཁོ་བོར་ངོ་མཚར་ཧ་ཅང་སྦྱིན་ནའང༌།
ང་ནི་དད་ཚོར་རྣོ་པོའི་རབ་ཏུ་ངུས།
སྙིང་དབུས་ནས། ང་ཡི་ཡོད་ཚད་ཁྱོད་ལ་འབུལ་བར་འདོད།


ཁུ་སིམ་སིམ་གྱི་ཞབས་རྗེས།
-     (Silent Steps)

ཁྱོད་ཀྱིས་ཁོང་གི་ཁུ་སིམ་སིམ་གྱི།
ཞབས་རྗེས་གོ་བྱུང་ངམ་?    È
ཕེབས་བྱུང༌། ཁོང་ཕེབས་བྱུང༌། རྟག་ཏུ་ཕེབས་བྱུང༌།



དུས་རྟག་ཏུ་དང༌། ལོ་རྟག་ཏུ། ཉིན་རྟག་ཏུ། མཚན་རྟག་ཏུ།
ཁོང་ཕེབས་བྱུང༌། ཕེབས་བྱུང༌། རྟག་ཏུ་ཕེབས྄་བྱུང༌།

སྤྲོ་སྣང་བྱུར་བུར་གཏམས་པའི་སེམས་ཀྱི་ནང༌།
མཆོད་གླུ་དུ་མ་བདག་གིས་སྙན་པར་བླང༌།
འོན་ཀྱང་ཁོ་ཚོའི་ཟིན་ཐོ་མ་ལུས་པ།
ཀུན་གྱིས་གོ་བར་རྟག་ཏུ་བསྒྲགས།
ཁོང་ཕེབས་བྱུང༌། ཕེབས་བྱུང༌། རྟག་ཏུ་ཕེབ྄ས་བྱུང༌།

ནགས་ཀླུང་གི་ལམ་བུ་བརྒྱུད་དེ།
སྤྱི་ཟླ་བཞི་པའི་ཉི་འོད་བཀྲ་བའི་དུས།
རབ་ཏུ་མངར་བའི་དྲི་བསུང་འཐུལ་བཞིན་དུ།
ཕེབས་བྱུང༌། ཁོང་ཕེབས་བྱུང༌། རྟག་ཏུ་ཕེབ྄ས་བྱུང༌།

སྤྱི་ཟླ་བདུན་པའི་ས་སྲོད་སྨག་ཆར་ནང༌།
དབྱར་གྱི་རྟ་བདུན་དབང་པོ་ལ་འཆིབ་སྟེ།
སྤྲིན་གྱི་རྔ་ཆེན་རྡུང་བཞིན་དུ།
ཁོང་ཕེབས་བྱུང༌། ཕེབས་བྱུང༌། རྟག་ཏུ་ཕེབས་བྱུང༌།

སྡུག་བསྔལ་ཤུལ་གྱི་སྡུག་བསྔལ་ཁྲོད།
བདག་གི་སེམས་པ་དམར་པོའི་ཡང་དབུས་སུ།
ཁོང་གི་གསེར་མདོག་ཞབས་ཀྱི་རེག་པ་དེས།
ང་ཡི་དགའ་སྤྲོར་འོད་ཟེར་རྣམ་པར་བཀྲ།




གྱེས་བྲལ།
(Sparation)

སྤྲིན་ཕུང་སྤྲིན་ཚོགས་ཐོག་ཏུ་སྤུངས་པ་ཡིས།
ཀུན་གསལ་སྒེག་མོའི་བཞིན་རས་མོག་པོར་གྱུར།

ཉིན་གུང་ལས་ཀས་བྲེལ་བའི་དུས་ཐུང་ནང༌།
ང་ཉིད་མི་ཚོགས་སྟུགས་པོའི་ཁྲོད་དུ་གནས།
གདུངས་བས་གཟིར་བའི་ཁེར་རྐྱང་ཉི་མོ་འདིར།
ཁྱོད་ཉིད་ཁོ་ན་ང་ཡིས་རེ་བ་བྱས།

གལ་ཏེ།  ཁྱོད་ཀྱིས་ང་ལ་མཇལ་ཁ་སྦྱིན་འདོད་ན།
ཁྱོད་ཀྱི་བྱད་བཞིན་ཙམ་ཞིག་ཅི་ལ་ཡིན།
གལ་ཏེ། ཁྱོད་ཉིད་ང་ལས་ཡོངས་སུ་གྱེས་འདོད་ན།
ཆར་ཞོད་ཆེ་བའི་དུས་ཡུན་རིང་པོ་དག།
ཇི་ལྟར་ཡོལ་བ་བདག་གིས་རྟོགས་མི་འགྱུར།


ང་ཡི་མིག་ཟུང་རྒྱང་གི་ནམ་མཁའ་རུ།
གཡོ་བའི་གྲིབ་གཟུགས་ནག་པོ་དེ་ལ་གཅེར།
དར་གཅིག་ལྷོད་པ་མེད་པའི་རླུང་བུ་ལྷན༌།
བདག་གི་སེམས་པ་དམར་པོའི་གཡོ་ལྡིང་དེས།
ཕྲན་ནི་ཆོ་ངེ་དྲག་པོས་རབ་ཏུ་ངུས།





རང་དབང་གི་ལྷ་ཡུལ།
(Heaven of Freedom )ÅÅÅ

གང་དེར།  སེམས་པའི་ནང་དུ་འཇིགས་པ་སྤངས་ཤིང༌།
སྤོབས་པའི་དབུ་འཕང་མཐོ་པོར་བཏེགས།

གང་དེར།གུ་སོ་དོག་པའི་བདག་འཛིན་གྱང་གིས་བཅད་པའི་ཁྲོད།
ས་གཞི་ཟླུམ་པོ་ཆག་འཇིག་མེད་པར་བརྟན་པོར་གནས།

གང་དེར།  ཤིན་ཏུ་ཟབ་པའི་རྒྱུ་མཚན་གཏམ་གླེང་གང༌།
རབ་དྲང་བདེན་པའི་དབུས་ནས་ཕྱི་རུ་སྒྲོག།

གང་དེར།  དཀའ་སྤྱད་འབད་པ་སྒྲུབ་པའི་ལག་ཟུང་ཉིད།
བདེན་པའི་གོང་བུའི་ཕྱོགས་སུ་མྱུར་དུ་རྐྱོང།

གང་དེར། རབ་ཏུ་དྭང་བའི་རིག་པའི་ཆུ་རྒྱུན་གང༌།
རང་གི་ལམ་བུ་མ་བརླགས་པར།
གནའ་སྲོལ་གཤིན་པོའི་བྱེ་གླིང་ཁྲོད་ན་དྲག་ཏུ་རྒྱུ།

གང་དེར།  ཧ་ཅང་རྒྱ་ཆེའི་བསམ་བློ་དང་ནི་ཉམས་ལེནདག།
སྨོན་པ་བརྟས་པའི་རང་དབང་ལྷ་ཡི་ཞིང་ཁམས་སུ།
སེམས་པ་འདི་ཡི་སྣེ་འཁྲིད་ཁྱོད་ཀྱིས་གྱིས།
བདག་གི་ཡབ་ཆེན་ལགས།
བདག་གི་རྒྱལ་ཁམས་གཉིད་ལས་སློངབར་མཛོད།

༼ རང་དབང་གི་ལྷ་ཡུལ་༽ཞེས་པའི་སྙན་ངག་འདི་ནི་ཋཱཀོར་གྱིས་མིའི་ལུས་སེམས་གཉིས་ཀ་ བྲན་གཡོག་ལམ་ལུགས་ཀྱི་ལྕགས་སྒྲོགས་ཀྱིས་དམ་པོར་འཆིང་བ་དུམ་བུར་གཏོང་ཕྱིར་ དཀོན་མཆོག་ལ་གསོལ་འདེབས་མཛད་པ་ཞིག་དང་སྙན་ངག་པས་མཐུ་སྟོབས་རབ་ཏུ་མངའ་བའི་ དཀོན་མཆོག་ལ་རང་ཉིད་ཀྱི་མི་རིགས་ལ་ཡང་དག་ལྟ་གྲུབ་སྤེལ་བ་བརྒྱུད་ཤེས་ཡོན་རང་ དབང་མངའ་བའི་གནས་དེར་སྣ་འདྲེན་བྱ་རོགས་ཞེས་དཀོན་མཆོག་གང་ལ་གསོལ་བ་རྩེ་གཅིག་ ཏུ་བྱས་ཤིང༌། གང་དེར་གྲུབ་མཐའི་འཐེན་འཁྱེར་གྱི་དྲག་ཟིང་གིས་འཇིག་རྟེན་འདི་ཆག་གྲུམ་མ་ཤོར་ བར་མི་རྣམས་འཇིགས་སྣང་གི་གྲིབ་ནག་ལས་རྒྱང་དུ་གྱེས་པ་དང་མིའི་རིགས་ཀྱི་བསམ་ བློས་འབད་འབུངས་ཤུགས་ཆེན་བྱས་ཏེ་རྒྱུ་མཚན་རིག་པའི་དྭང་གཙང་འབབ་ཆུ་གཡོ་བའི་ རླབ་གཉེར་གྱིས་རྣམ་རྟོག་དང་རྨོངས་པས་དོགས་པའི་སྲོལ་རྙིང་བྱེ་གླིང་རྡུལ་དུ་ བརླག་ཅིང༌། སྙན་ངག་པས་ཟོལ་མེད་དད་པས་ཀུན་གྱི་བྱེད་པོ་དཀོན་མཆོག་ལ་རྐང་པ་གཉིས་པའི་མི་ རྟག་འཆི་བའི་རང་བཞིན་གཙང་ཕྱག་བྱས་ཏེ་ལྷད་མེད་ཀྱི་སེམས་པ་དང་སྐྱོན་བྲལ་གྱི་ ལྟ་བ་ཟུང་ཉམས་ལེན་གྱི་ཕྱོགས་སུ་འདྲེན་རོགས་ཅེས་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ། ༼རང་དབང་གི་ལྷ་ཡུལ་༽ཞེས་པའི་སྙན་ངག་འདི་ནི་ཚིག་རྐང་གཙོ་བོ་ཞིག་གི་མཐར྄་ཚིག་ ཚོགས་བདུན་ལྷན་དུ་བསྡུས་པའི་ཚིག་གྲུབ་ཁེར་རྐྱང་བ་རེ་ཡོད། ཚིག་ཚོགས་བདུན་སོ་སོ་འགོ་བཙུགས་པ་མཉམ་དུ་ "གང་དེར་" ཞེས་པའི་ཚིག་གི་རང་དབང་ཡོད་ཚད་ཐག་ཉེ་རུ་གནས་པར་མངོན། ཚིག་གྲུབ་འདིའི་བྱད་དབྱིབས་ལ་ཨ་ནཱཧོརཱ་ (Anahora)ཟེར་ཞིང་སྙན་ངག་འདི་ཐོག་མར་༼ཅིཋཋཱ་ཇི་ཐཱབྷོཡཤུན་ཡཱ་༽(Chitta Jetha bhoy Shuya)ཞེས་པའི་མིང་ཐོག་ཏུ་ཐོག་མར་བངྒཱལ་(Bengali)སྐད་ནང་བརྩམས་ཤིང་རྗེས་སུ་ ཋཱཀོར་(Tagore)རང་ཉིད་ཀྱིས་དབྱིན་སྐད་དུ་བསྒྱུར་བ་ཞིག་ཡིན་འདུག།
(བསྒྱུར་ བ་པོའི་མཆན། རང་དབང་གི་ལྷ་ཡུལ་ཞེས་པའི་སྙན་ངག་འདིའི་ནང་དུ་སྙན་ངག་པ་རང་ཉིད་ཀྱིས་གནའ་ དེང་གི་སྲོལ་རྒྱུན་ལ་དགེ་སྐྱོན་བླང་དོར་བྱ་ཕྱོགས་དངཋཱཀོར་རང་ཉིད་ཀྱི་ཐུན་ མོང་མ་ཡིན་པའི་རང་དབང་གི་འདོད་ཚུལ། ད་དུང་སྙག་ངག་པ་གང་ཉིད་ཀྱི་བླ་ན་མེད་པའི་རྒྱལ་གཅེས་ཀྱི་བསམ་བློ་དང་ས་གཞི་ ཧྲིལ་པོར་བཅངས་པའི་བརྩེ་སེམས་དག་ཤིན་ཏུ་སྙན་པའི་སྙན་ངག་གི་རོལ་དབྱངས་དང་ འགྲོགས་ཏེ་སྐྱེ་བོ་ཁྲི་ཕྲག་མང་པོའི་ཡིད་ཀྱི་དགའ་མར་བརྫངས་ཡོད་ལབ་ན་ཁ་ཕོ་ མིན། གང་ཞིག་གིས་ཋཱཀོར་གྱི་སྙན་ངག་ཐན་ཐུན་འགའ་ཧ་ཧུར་ངང་ཚར་གཅིག་ཀློག་ནས་སྙན་མིན་ གླེང་ན་གང་དེ་བློ་གྲོས་རྩིང་བར་མ་གྱུར་གྲང༌།    གལ་ཏེ་ཁྱོད་ཀྱིས་ཋཱཀོར་གྱི་སྙན་ངག་དག་ཡང་ཀློག་བསྐྱར་ཀློག་བྱས་པ་ཡིན་ན་ སྐྱེས་བུ་དམ་པ་ཁོང་གི་སྙན་ངག་གི་རོ་བཅུད་ཕྲན་བུ་ཞིག་དང་ལྟ་གྲུབ་ཀྱི་ཆ་ཕྲན་ བུ་ལོངས་སུ་སྤྱོད་ཐུབ་ངེས་ཡིན།   གོང་གི་སྙན་ངག་གི་བཅད་མཚམས་སོ་སོར་དུམ་མཚམས་མི་འཁྲུག་པའི་རྒྱ་རུ་(ཀ་ཁ་ག་ང་ སོགས་)གསལ་བྱེད་འགའ་ཆེད་དུ་སྤྱད་པ་དག་བསྒྱུར་གཞིའི་མ་རྩོམ་ནང་དུ་མེད་པ་ ཐུགས་ལ་འཇོག་པ་འཚལ༌།།)ÅÅÅ

རཱ་བྷིནདྷརཱནཱ་ཐིཋཱཀཱོར་(Rabindranath Tagore)གྱི་ལོ་རྒྱུས་བསྡུས་པ།

༄ ༅།། །།སྤྱི་ཟླ་ལྔ་པའི་ཚེས་བདུན་ཉིན་རཱབྷིནདྷརཱནཱཐི་ཋཱཀོར་(Rabindranath Tagore)གྱི་སྐྱེ་སྐར་གྱི་ཉི་མོ་རེད། ཋཱཀོར་ནི་སྤྱི་ལོ་༡༩༦༡ ལོར་ཟླ་བ་ལྔ་པའི་ཚེས་བདུན་ལ་བངྒཱལ་ལྷོ་ཕྱོགས་ཀོལཀཱཋཱ་རུ་ ཇོརརཱསཱནཀོ(Jorasanko)ཚང་དུ་སྐུ་འཁྲུངས་ཤིང་སྤྱི་ལོ་༡༩༤༡ཟླ་བ་བརྒྱད་པའི་ ཚེས་༧ དགུང་ལོ་བརྒྱད་ཅུའི་ཐོག་ཏུ་སྐུ་བཤེགས།  ཁོང་ནི་སྐད་ཡིག་ལ་དམིགས་བསལ་ནང་བྱན་ཆུད་པའི་སྙན་ངག་པ་ཞིག་དང༌། བཅོས་སྒྲུང་རྩོམ་པ པོ།གཏམ་བརྗོད་རྩོམ་པོ། རོལ་དབྱངས་བ། ལོ་ཙཱ་བ་བཅས་ཡིན་ལ།     ཁོང་གི་བརྩམས་པའི་སྙན་ངག་དང་གཏམ་བརྒྱུད། སྒྲུང་རྩོམ། བཅོས་སྒྲུང༌། རོལ་དབྱངས་སོགས་བརྩམས་ཆོས་ཤིན་ཏུ་མང༌། དེ་དག་ཕལ་ཆེར་བངྒཱལ་སྐད་དུ་བྲིས་ཤིང་དབྱིན་སྐད་ནང་དུ་བསྒྱུར་བ་ཡང་ཧ་ཅང་ མང༌།  ཋཱཀཱོར་ནི་དབྱིན་ཇིའི་ནང་དུ་རྒྱ་གར་གྱི་སྐད་ཡིག་ལོ་རྒྱུས་འབུར་དུ་ཐོན་པར་ བླ་མེད་ཀྱི་སྲི་ཞུ་སྒྲུབ་མྱོང་བའི་ཐུན་མོང་མིན་པའི་ཁྱད་འཕགས་ཀྱི་རང་གཤིས་ མངའ་བའི་སྐྱེས་བུ་དམ་པ་ཞིག་ཏུ་འཁུམས།     ཁོང་ན྄ི་ཚད་ལྡན་གཙུག་ལག་སློབ་གཉེར་ཁང་དང་སློབ་གྲྭ་ཆུང་འབྲིང་གང་ལ་འགྲིམ་ མྱོང་མེད་ཀྱང་རང་བཞིན་གྱིས་ཤེས་རབ་རྣོ་ལ་རང་གི་ཉེ་འཁོར་གྱི་སྲོག་ལྡན་རིགས་ སྤྱི་དང་རང་བྱུང་ཁམས་ལ་དུངས་བ་ཟབ་པའི་འདུན་ལྡན་གྱི་སྙན་ངག་པ་ཞིག་ཡིན། ཋཱ་ཀོར་རང་ཉིད་ཀྱིས་རྐང་འགན་བླངས་ཏེ་རྒྱ་གར་གྱི་མཆོད་མགུར་(devotional poetry)དང་དབྱིན་ཇིའི་རྟོགས་པ་འཆར་ཡན་(romantic poery) གྱི་སྙན་ངག་ཟུང་ཕྱེ་མར་གྱུར་པའི་གཅེས་ཕྲུག་ལྟར་གསོ་སྐྱོང་གང་ལེགས་མཛད་ཡོད། ཋཱ་ཀོར་མཆོག་དགུང་ལོ་ལྔ་བཅུ་ལ་ཕེབས་སྐབས་བངྒཱལའི་སྐད་དུ་ལྷུགས་མའི་སྙན་ངག་ དང་གཏམ་བརྗོདརྩོམ་པ་ལ་ཐུན་མིན་རང་གཤིས་མངའ་བའི་སྙན་གྲགས་ཕྱོགས་ཀུན་ཁྱབ་སྟེ་ སྙན་ངག་དབང་པོའི་མཚན་སྙན་བདག་གིར་བཞེས་ཤིང༌། ཁོང་གི་བརྩམས་ཆོས་གྲངས་བརྒྱ་དང་གསུམ། ༼ནཱིཝིདཡཱ་༽(Naivedya)དང༌།༼ཀེཡཱ།༽ (kheya) ༼གྷིཏཱནཇཱལི་༽(gitanjali) ཞེས་པའི་མིང་ཐོག་ནས་ཁྱོན་གསུང་དུམ་པ་གསུམ་དཔར་བསྐྲུན་མཛད་གནང་ཞིང་རྗེས་སུ་ ཁོང་གིས་མཆོད་མགུར་འགའ་ཞིག་དབྱིན་སྐད་དུ་བསྒྱུར་ཏེ༌།༼གྷི་ཏནཱ་ཇཱ་ལི་༽ཞེས་ པའི་མཚན་ཐོག་ནས་གསུང་པོད་ཅིག་དཔར་བསྐྲུན་མཛད་མ་ཐག་རིངཔོར་མ་སོང་པར་ཁོང་ལ་ གཡུར་དུ་ཟ་བའི་གྲུབ་འབྲས་སྨིན་ཞིང༌། དེ་ལ་ཌབ་ལུ་བྷི་ཡཱིཐེས་(W.B Yeats)དང༌། ཨེཛརཱ་པོཌི་(Ezra Pound)སོགས་ནུབ་ཕྱོགས་ཀྱི་བརྩམས་ཆོས་དཔྱད་བརྗོད་པ་གང་མང་ཞིག་གིས་རིན་ཐང་ བྲལ་བའི་བསྔགས་བརྗོད་གནང་བ་ལ་བརྟེན་ནས་༡༩༡༣ ལོར་ནོ་ཝིར་རྩོམ་རིག་གི་གཟེངས་རྟགས་དེ་ཁོང་ལ་ཐོབ་ཡོད། ༼གྷིཏཱནཇཱལིའི་༽ནང་གི་མཆོད་མགུར་དག་རང་བྱུང་ཁམས་དང༌། མིའི་འགྲོ་བ། དཀོན་མཆོག་དབར་འབྲེལ་བ་ཇི་ལྟར་གྲུབ་ཚུལ་གསལ་བར་འཆར་བའི་སྙན་ངག་པ་གང་གི་ གཏིང་ཟབ་ཀྱི་བསམ་བློའི་མཉམ་བཞག་རྗེན་རྗེན་ཞིག་ཀློག་མཁན་ཁྲི་སྟོན་མང་པོའི་ མིག་ཡིད་རྣ་བའི་དགའ་སྟོན་དུ་བསྟར་ཡོད། ཨེ་ཛ་རཱ་པོའན་ཌི་ཡིས་གྷིཏཱནཇཱལིའི་སྐོར་ལ་ལེགས་གསོའི་དཔྱད་བརྗོད་སྤེལ་བ་དེ། གཅིག་བྱས་ན། ཌབལུ་བྷི་ཡི་ཐི་རང་ཉིད་ཀྱིས་ལྷུགས་མའི་སྙན་ངག་གི་འབྲི་ཐབས་གསར་པ་ཞེས་ གྷིཏཱན་ཇཱལི་ཡི་དགེ་མཚན་འགྲེལ་བརྗོད་བྱས་པ་ལས་ཀྱང་ཁྱད་པར་འཕགས་ཤིང་གནད་དུ་ འཁེལ་བ་བྱུང་ཡོད་ངེས་ཟེར། ཚིག་གི་རྒྱུ་བ་དང་ཚོར་བ་དྲག་པོ་ལྷན་དུ་དམའ་སར་དིམ་ཞིང་མཐོ་སར་འཕག་པའི་རྐང་ པ་སོ་སོའི་ཚེག་ཁྱིམགྲངས་སུ་མ་བགྲང་པར་སྐད་ཀྱི་འགྱུར་བ྄ས་དམ་པོར་བཅིངས་པ་ཡང་ བཅད་མ་འབྲི་ཐབས་ངག་རྟའི་ཐོག་ཏུ་རྨང་གཞི་གཏིང་ནས་གདངས་ཀྱི་འདར་འགུལ་རོལ་ དབྱངས་དངོས་དང་མ་འགྲོགས་པར་ལྷན་སྐྱེ་ཀྱི་དབྱངས་རྟའི་རང་དབང་གི་རྩ་བའི་དགེ་ མཚན་མངོན་པར་མཛད། མཛེ་རིས་སྒྱུ་རྩལ་གྱི་སྒྲིག་འཛུགས་ནང་དུ་ཋཱཀོར་ལ་ཕུལ་དུ་བྱུང་བའི་གྲུབ་ འབྲས་ཐོབ་ཡོད། ཋཱ་ཀོར་གྱི་གདངས྄་དབྱངས་ལ་ཁོང་གི་རྩེ་གཅིག་པའི་མཉམ་བཞག་དང་མཆོད་མགུར་ནི་ བྲལ་དུ་མེད་པའི་ཆ་རྐྱེན་ཉག་གཅིག་ཡིན།།
(Åསྒྱུར་བ་པོའི་མཆན།  ར྄ཱབྷིནཱ་ཐི་ཋཱཀོར་གྱིས་བརྩམས་པའི་སྙན་ངག་དང་སྒྲུང་རྩོམ། སྒྲུང་རིང༌། གཏམ་བརྒྱུད། གཞས་ཚིག་སོགས་ཁྱོན་བརྩམས་ཆོས་བདུན་བརྒྱ་ལྷག་ཙམ་ཡོད་པའི་ནང་ད་རེས་༼གསེར་གྱི་ འབྲུ་རྡོག་ཕྲ་མོ་ཞིག༽(grain of a little gold)དང༌།༼ ཁུ་སིམ་སིམ་གྱི་ཞབས་རྗེས།༽ (silent steps) ༼གྱེས་བྲལ།༽(sparation) ་             ༼རང་དབང་གི་ལྷ་ཡུལ༽(heaven of freadom)ཞེས་པ་སོགས་ཁོང་གི་ཚབ་མཚཽན་སྙན་ངག་ཁག་བཞི་དང༌། དེ་དག་དང་ལྷན་དུ་༼རང་དབང་གི་ལྷ་ཡུལ་༽ཞེས་པའི་སྙན་ངག་གི་འགྲེལ་བ་མདོར་བསྡུས་ དང་ཁོང་གི་ལོ་རྒྱུས་བསྡུས་པ་བཅས་དེང་རྒྱ་གར་གྱི་གཙུག་ལག་སློབ་ཆེན་ཁག་གང་མང་ ཞིག་གི་བསྟན་བཅོས་སློབ་ཐོན་འཛིནགྲྭ་(ÅB.A Third year)ཡི་བསླབ་གཞིར་ཧཱརིམོཧཱནཔརཱསཱད་(Hari Mohan Prasad)ཡིས་རྩོམ་སྒྲིག་མཛད་པའི་༼རྒྱ་གར་གྱི་དབྱིན་སྐད་སྙན་ངག་༽ (Indain Poetry in English)ཞེས་པ་ལས་གང་ཐུབ་དོན་བསྒྱུར་བྱས་པའི་ཁུལ་ཡིན། གལ་ཏེ་སྒྲ་དོན་གཉིས་ཀ་འམ་གང་རུང་མ་རྩོམ་ལས་རིང་པོར་འཕྱན་ཡོད་ཚེ་དབྱིན་སྐད་ དུ་ཡོད་པའི་མ་རྩོམ་ལ་རྩ་འཛིན་བྱས་ཏེ་ལྗགས་ཀྱི་འདབ་མ་ལྷུག་པར་གྲོལ་ནས་དགེ་ སྐྱོན་དྲང་བརྗོད་ཡོད་པ་ཞུ། འདི་དག་ཕྲན་གྱིས་དབྱིན་སྐད་དུ་བསྒྱུར་དོན་ནི་ཋཱཀོར་དངཁོང་གི་སྙན་ངག་ལ་ རྒྱུས་མངའ་ཕྲན་བུ་ཡོང་རེ་འཕྱང་བ་ཡིན། )  Í
· · · Share · Delete

འཇམ་དཔལ་དགྱེས་པའི་བཞད་སྒྲ།

འཇམ་དཔལ་དགྱེས་པའི་བཞད་སྒྲ།

དམར་སེར་ལང་ཚོ་རྒྱས་པའི་འཇམ་དཔལ་བཞད།།
ས་གསུམ་སྙན་པ་ཀུན་བསྡུས་དབྱངས་ཅན་གླུ།།
འགྲོ་བ་ཀུན་ལ་བརྩེ་བའི་གཏེར་གྱི་འཛུམ།།
འདི་གསུམ་སྙན་ངག་པ་ཡི་ལྷ་གསུམ་ཡིན།།

མཐོ་པོ་ལོངས་སྐུའི་འཇིག་རྟེན་ནས།།
དམའ་བོ་ན་རག་དམྱལ་བའི་བར།།
ཡོད་ཚད་སྨྱུག་གུས་མངའ་བསྒྱུར་བ།
སྙན་ངག་པ་ཡི་དབང་ཐང་རེད།།

དགྲ་ཡི་ཚིག་མཚོན་མི་སྐྲག་ཅིང་།།
གཉེན་གྱི་བསྟོད་ཚིག་མི་རེ་བར།།
རེ་དོགས་བྲལ་བའི་སེམས་པ་དེ།།
སྙན་ངག་པ་ཡི་སྙིང་སྟོབས་རེད།།

དངོས་པོའི་གནས་ལུགས་བརྟགས་པའི་ཚེ།།
བརྗོད་བྱ་རོ་མཉམ་བལྟ་བའི་བློ།།
ལྟོས་གྲུབ་རིག་པས་འཛིན་པ་འདི།།
སྙན་ངག་པ་ཡི་གྲུབ་མཐའ་རེད།།

གོ་མེད་ཅ་ཅོའི་ཚིག་མཚོན་ལ།
ལན་གྱི་དུས་ཚོད་མི་གཏོང་བར།།
ཤ་ཚའི་ལ་རྒྱ་འཛིན་པ་འདི།།
སྙན་ངག་པ་ཡི་བཟོད་པ་རེད།།

བརྡ་སྤྲོད་ཁྲིམས་ལུགས་གཙུག་ཏུ་བཀུར།།
ཚིག་སྦྱོར་ཆུ་བོ་དལ་གྱིས་འབབ།།
གྲོང་ཚིག་དམར་ཧྲེང་མི་རྒྱུ་བ།།
སྙན་ངག་པ་ཡི་ཚུལ་ཁྲིམས་རེད།།

གང་ཞིག་ཡིད་ལ་ཤར་བའི་ཚེ།།
འབྲི་བའི་་སྤྲོ་བ་འཕེལ་དང་ལྷན།།
སྨྱུ་གུའི་གར་སྟབས་འཇགས་མེད་འདི།།
སྙན་ངག་པ་ཡི་བརྩོན་འགྲུས་རེད།།

གཞུང་ལུགས་ཆུ་གཏེར་ཡངས་པོ་རུ།།
བློ་གྲོས་པད་མོ་འདབ་བརྒྱ་གྲོལ།།
ཚིག་དོན་སྦྲང་རྩི་་འཇོ་བ་འདི།།
སྙན་ངག་པ་ཡི་སྦྱིན་པ་རེད།།

བརྗོད་བྱ་གང་ཞིག་བློ་གཏད་ཚེ།།
སེམས་པའི་རྩེ་་གཅིག་གནས་པའི་ངང།
དཔྱད་པའི་ལྷག་མཐོང་བརྟན་པ་དེ་།།
སྙན་ངག་པ་ཡི་བསམ་གཏན་རེད།།

རྨོངས་པའི་མགོ་བོ་གཅོད་པའི་ཚེ།།
དབུལ་ཕྱུག་མཐོ་དམའ་མི་བལྟ་བའི་།
རིག་པའི་རལ་གྲི་སོ་གཉིས་འདི།།
སྙན་ངག་པ་ཡི་ཤེས་རབ་རེད།།

རྩོམ་ལ་ཚེགས་མེད་རང་དབང་ཐོབ།།
བརྩམས་པས་འགྲོ་བའི་རྨོངས་མུན་སེལ།།
སྙན་གྲགས་ས་གསུམ་གཡོ་བ་འདི།།
སྙན་ངག་པ་ཡི་གོ་འཕང་རེད།།

ཨཱཅརྱ་ལོ་དང་པོའི་སློབ་མ་སོག་རྫོང་བཀྲ་ཤིས་རྒྱལ་པོས་་སེར་བྱེས་འབྲིང་རིམ་སློབ་གྲྭའི་བོད་ཀྱི་རྩོམ་རིག་ཆེད་སྦྱོང་འཇམ་དཔལ་བཞད་པའི་འཛིན་གྲྭའི་ནང་དུ་རང་གི་རྣམ་དཔྱོད་དང་་ཤེས་རབ་ཀྱི་མིག་ལྡན་པའི་སློབ་ཕྲུག་རྣམས་ལ་གྲོས་སུ་ཕུལ་བའོ།
བོད་ཀྱི་སྙན་ངག་པའི་བདེན་པ་རྒྱལ་གྱུར་ཅིག།
༄༅།། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་བསམ་ཚུལ་དམར་རྗེན་མ།

                བདུད་དང་མུ་སྟེགས་ལོག་ལྟས་དཀྲིགས་པའི་ཚང་ཚིང་འཁོར་བའི་ནགས་ཀྱི་དབུས།།
                འཇིག་རྟེན་བྱེད་པོའི་གྲུབ་མཐའི་ཁུང་དུ་རང་ལུས་འཁྲེན་པའི་ཝ་སྐྱེས་སྡེའི།།
                 ལྟ་བ་ངན་པའི་ནང་སྙིང་འཕྲལ་བྱེད་རིགས་པའི་སྦར་ཁྱིམ་ཡངས་པོ་ལ།།
                 ཟླ་བྲལ་མཁྱེན་པའི་རྩལ་ཀུན་རབ་རྫོགས་བསླུ་མེད་ཤཀྱཱ་སེང་གེར་འདུད།།

                མ་རིག་ལོག་ལྟའི་ཁྲག་གིས་རབ་མྱོས་ཤིང་།།
                དུག་གསུམ་མཆེ་རྣོན་ངོམས་པའི་འཇིག་ལྟའི་སྟག།
                ཐབས་ཤེས་སྒྲོ་ཟུང་གཡོ་བའི་བློ་གྲོས་མདས།།
                སྐད་ཅིག་བརླགས་མཛད་འཇམ་དཔལ་དཔའ་བོས་སྐྱོངས།།

                སྙིང་རྗེའི་དགྱེས་འཛུམ་ལྟེམ་པའི་ཞལ་སྒོ་ལས།།
                འཁྲུངས་པའི་རྒྱལ་ཀུན་དབྱངས་ཀྱི་ཕུངས་པོ་ཡིས།།
                དོན་དམ་གཤིས་ལུགས་གླུ་རུ་ལེན་བྱེད་པའི།།
                སྐད་དང་ཡི་གེའི་གནས་ལུགས་འཆད་གྲོགས་མཛོད།།

གཅིག  རིག་གནས་ཀྱི་སྒྲ་འཇུག་ཡངས་འབྲིང་དོག་གསུམ་གླེང་བ།

༡རིག་གནས་ཞེས་པ་སྒྲ་ཡངས་པའི་སྒོ་ནས་བཤད་ན་རིག་ཞེས་པ་ནི་བློ་རིག་ཤེས་གསུམ་དང་དོན་གཅིག་ཏུ་སོང་བའི་རིག་པ་ཞེས་པའི་བསྡུས་མིང་ཡིན་པས་ཡུལ་ཅན་གྱི་མིང་དུ་འདོད།   གནས་ནི་ཡོད་པ་གཞལ་བྱ་གཞི་གྲུབ་དང་དོན་གཅིག་ཏུ་གྱུར་པའི་ཡུལ་དང་གོ་དོན་གཅིག་ཏུ་འབབ། དེས་ན་རིག་གནས་ཀྱི་སྒྲ་བཤད་ནི་ཡུལ་ཅན་ཤེས་པ་སྟེ་རིག་པའི་གནས་ཡིན་པས་རིག་གནས་ཞེས་བརྗོད་པ་འམ་ཡང་ན་བློའི་ཡུལ་དུ་བྱ་རུང་བའི་ཤེས་བྱ་ཐམས་ཅད་ནི་རིག་པ་འཇུག་པའི་གནས་ཡིན་པ་ན་རིག་གནས་ཞེས་བརྗོད་པའོ། འདི་ཡི་དབྱེ་བའི་རྣམ་གྲངས་རེ་རེ་འཁོར་བ་མ་སྟོང་བར་འབྱེད་མི་ཐུབ་ཅེས་གླེང་ན་དོན་ལ་གནས་ངེས་ཡིན།
༢རིག་གནས་ཞེས་པ་སྒྲ་ཡི་འཇུག་པ་འབྲིང་བའི་སྒོ་ནས་བཤད་ན་ཆེད་དུ་གཉེར་ནས་སྦྱང་བྱར་གྱུར་པའི་རིག་པའི་གཞུང་ལུགས་ཀུན་ལ་རིག་པ་འཇུག་པའི་གནས་ཡིན་པས་རིག་གནས་ཞེས་བརྗོད་པ་ཡིན། འདི་ལ་འཇུག་བྱེད་རིག་པའི་སྒོ་ནས་དབྱེ་བ་ཕྱེས་མེད་ཀྱང་འཇུག་ཡུལ་གནས་ཀྱི་སྒོ་ནས་ངོས་འཛིན་ཐ་དད་པའི་དབང་གིས་དབྱེ་བ་སྣ་ཚོགས་ཡོད་། དེ་ཡང་རྗེ་བཙུན་བྱམས་པ་མགོན་པོོས་རིག་པའི་གནས་ལྔར་དབྱེ་བ་ནི་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན།། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར།། དེ་བས་གཞན་དག་ཚར་གཅོད་རྗེས་བཟུང་བྱ་ཕྱིར་དང་།། བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ།། ཞེས་གསུངས་པ་ལྟར་སྒྲ་རིག་པ་དང་བཟོ་རིག་པ།  གསོ་བ་རིག་པ་དང་གཏན་ཚིགས་རིག་པ།  ནང་དོན་རིག་པ་བཅས་ལྔ་འོ། འཕགས་པ་འོད་སྲུང་ཆེན་པོས་འདུལ་བ་ལུང་གི་མའི་རྣམ་འབྱེད་ལས་གསང་སྔགས་ཀྱི་བརྒྱུད་དང་ཆོ་ག་ཞིབ་མོ་སོགས་རིག་པའི་གནས་ཆེན་བཅོ་བརྒྱད་གསུངས། སློབ་དཔོན་དབྱིག་གཉེན་གྱིས་རིག་གནས་ཀྱི་དབྱེ་ཚུལ་ནི་མཛོད་རང་འགྲེལ་ལས་རོལ་མོ་འཁྲིག་ཐབས་འཚོ་རྩིས་གྲངས་དང་སྒྲ།།
གསོ་དཔྱད་ཆོས་ལུགས་བཟོ་འཕོང་གཏན་ཚིགས་དང་།། རྣལ་འབྱོར་ཐོས་པ་དྲན་པ་སྐར་མའི་དཔྱད་།།
རྩིས་རིག་འཕྲུལ་འཁོར་སྔོན་རབས་སྔོན་བྱུང་རིགས།། འདི་དག་རིག་པའི་གནས་ཆེན་བཅོ་བརྒྱད་ཡིན།། གསུངས་ཤིང་དེ་བཞིན་སྐྱེས་རབ་རྒྱ་ཆེན་འགྲེལ་དུ་སློབ་དཔོན་རིན་ཆེན་གྲགས་པས་དབྱེ་གྲངས་གཅིག་པ་ཡིན་ཡང་འདྲེན་ཚུལ་ཐ་དད་སྣང་། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པའི་ལུང་ཕྲན་ཚེགས་ཀྱི་འགྲེལ་བར་རིག་པའི་གནས་དྲུག་བཅུ་རྩ་བཞིར་དབྱེ་བ་བཞིན་བྱེ་བྲག་རྟོགས་བྱེད་དུ་འདྲེན་ཚུལ་ཁྱད་པར་མ་གཏོགས་གྲངས་མཚུངས་ཡོད། འདི་དག་བསྡུས་ན་རིག་པའི་གནས་ལྔ་ཡི་ཁོངས་སུ་འདུ་བར་གྱུར་པས་འདི་དག་ནི་ཆེད་དུ་གཉེར་ནས་སྦྱང་བྱར་གྱུར་པ་ཤ་སྟག་བགྲངས་འདུག་པས་རིག་གནས་སྒྲ་འཇུག་འབྲིང་པོ་ཞེས་ཁོ་བོའི་རྨོངས་འཆར་ཚུལ་དུ་བྲིས་སོ།།
༣རིག་གནས་ཞེས་པ་སྒྲ་འཇུག་དོག་པའི་སྒོ་ནས་དབྱེ་ན་སྒྲ་སྙན་སྨན་རྩིས་ལ་སོགས་མགོ་འཁོར་ན།།
གཞུང་ལུགས་རྣལ་མ་སློབ་པའི་གེགས་རྐྱེན་ཡིན།།ཞེས་པ་ལྟར་ན་སྙན་ངག་དང་སུམ་རྟགས་དག་གསུམ་ལ་སྒྲ་ཞེས་བརྗོད་ནས་་སྨན་དང་རྩིས་བཅས་ལ་རིག་གནས་ཞེས་རླུང་ལྟར་གྲགས་བཞིན་པ་འདི་རེད། འདི་དག་རིག་གནས་ཞེས་བརྗོད་དགོས་དོན་གོང་དུ་བཤད་ཟིན་པ་ལྟར་རིག་པ་འཇུག་པའི་གནས་ཡིན་པས་སོ།


                   གཉིས།   སྤྱིར་སྐད་ཡིག་གི་དབྱེ་ཚུལ།
སྐད་ཡིག་གེ་དབྱེ་སྟངས་ལ་༡འགྲོ་བའི་སྒོ་ནས་དབྱེ་བ་ནི་སངས་རྒྱས་ཀྱིས་ཆོས་སྟོན་པའི་སྐབས་སུ་ལྷ་དང་མི་དང་ཀླུ་དང་གནོད་སྦྱིན་གྲུལ་བུམ་གྱི་སྐད་ཡིག་ཞེས་སྐད་ཡིག་ལ་དབྱེ་བ་ཆེན་པོ་ལྔར་དངོས་སུ་གསུངས་པ་དང་།  ༢ཆོས་ལུགས་ཀྱི་དབང་དུ་དབྱེ་ན་ནང་པའི་སྐད་ཡིག་ཧིན་རྡུའི་སྐད་ཡིག་ཁ་ཆེའི་སྐད་ཡིག་ཅེས་སོགས་དབྱེ་བའང་ཡོད།  ༣རྒྱལ་ཁབ་དབང་དུ་དབྱེ་ན་དབྱིན་ཡིག་བོད་ཡིག་རྒྱ་ཡིག་ཉི་ཡིག་ལྟ་བུ་ཡིན།  ༤ལུང་ཚན་གྱི་དབང་དུ་དབྱེ་ན་ཀར་ན་ཀྲར་ཀའི་སྐད་ཡིག་དང་བངྒལའི་སྐད་ཡིག་ལྟ་བུ་འོ། ༥སྐད་ཡིག་ཚད་ལྡན་དག་ལ་ཐུན་མོང་གི་ཁྱད་ཆོས་བཞིར་དབྱེ་ན་      ལེགས་པར་སྦྱར་བ་(སྐད་ཡིག་གང་ཞིག་གིས་བརྡ་སྤྲོད་པའི་བྱ་བ་བྱེད་པའི་སྐབས་སུ་ཕྲད་དང་རྣམ་དབྱེ་སྒྲ་གདངས་དང་བྱ་ཚིག་དག་ཆ་སོགས་གཏན་ལ་ཕབ་པའི་ཁྲིམས་ལུགས་ལ་བརྩི་སྲུང་བྱ་དགོས་པས་ལེགས་པར་སྦྱར་བའི་སྐད་ཡིག་ཡིན།) ཡུལ་མི་རང་བཞིན་པའི་སྐད་ཡིག (ཆོས་སྲིད་ཀྱི་བསྟི་གནས་སུ་གྱུར་པའི་ཡུལ་ལུང་ཆེན་པོ་དག་ཏུ་སྤྱོད་ཀྱང་བརྡ་སྤྲོད་ཀྱི་རྣམ་བཞག་ལ་དེ་ཙམ་མི་མཐུན་པའི་སྐད་ཡིག་དག་ལ་ཟེར།) ཤ་ཟའི་སྐད་ཡིག (ཤ་ཟའི་སྐད་ཡིག་རྒྱལ་ཁབ་གང་ཞིག་གི་ལུང་ཁུག་ཏུ་གནས་པའི་གྲོང་མི་དག་གི་སྐད་གོ་བརྡ་འཕྲོད་དཀའ་བ་དག་ལ་ཟེར་།ཟུར་ཆག་གི་སྐད་ཡིག་(མི་རིགས་གཞན་གྱི་སྐད་ཡིག་ལས་སྒྲ་ཟུར་ཆག་ནས་རང་སྐད་དུ་གྱུར་བ) བཅས་སུ་དབྱེ་བ་འང་ཡོད།

གསུམ། སྐད་དང་།   སྐད་ཆ།  སྐད་ཡིག་གསུམ་གྱི་གོ་དོན་གླེང་བ།
༡སྐད་ཅེས་པ་ནི་སྲོག་ལྡན་གྱི་རྒྱུད་ཀྱིས་བསྡུས་ཀྱང་བརྡ་སྤྲོད་རིག་པའི་གཞུང་ལུགས་ངོས་ནས་སྒྲ་དེའི་སྐྱེ་གནས་གཏན་འཁེལ་མེད་པ་མ་ཟད་ཕ་རོལ་པོར་དོན་སྟོན་མི་ཐུབ་པའི་སྒྲ་ཞིག་ལ་གོ་བར་སྣང་། དཔེར་ན་ཁྱི་སྐད་དང་ར་སྐད་ལུག་སྐད་ལྟ་བུ་འོ།
༢སྐད་ཆ་ནི་ནང་སེམས་ཀྱི་རེ་འདོད་སྐད་ཀྱི་ལམ་ནས་ཕ་རོལ་པོར་ཆ་སྤྲོད་པའམ་བརྡ་སྤྲོད་པ་ལ་སྐད་ཆ་ཞེས་བརྗོད་ལ་འདི་ཉིད་བརྡ་སྤྲོད་པའི་གཞུང་ལུགས་དང་མཐུན་པའི་ངེས་པ་མེད་ཀྱང་རིགས་གཅོད་ཀྱི་ནུས་པ་ལྡན་ཡོད།
༣སྐད་ཡིག་ནི་སྐད་བརྡ་གང་ཞིག་བརྡ་སྤྲོད་ཀྱི་ཁྲིམས་ལུགས་དང་ཡོངས་སུ་མཐུན་ཞིང་མིང་ཚིག་གཉིས་ལྡན་དང་དེའི་གཉིས་ཀྱི་ཉེར་ལེན་འདུས་པའི་གོང་བུ་ཡང་ཡིན་དགོས།  དེ་ནི་སྐྱེས་བུ་གང་ཞིག་གི་ནང་སེམས་ཀྱི་རེ་འདོད་ངག་ནས་ཐོན་པའི་ཚེ་སྔོན་རྗེས་མིང་གསུམ་དང་ཕྲད་དང་རྣམ་དབྱེ། དབྱངས་དང་གསལ་བྱེད་སོགས་ཀྱི་སྒྲ་གདངས་གསལ་པོར་མངོན་པ་ཞིག་ལ་ཟེར།  སྐད་ཆ་ཡིན་ན་སྐད་ཡིན་པར་ཁྱབ་པ་དང་སྐད་ཡིག་ཡིན་ན་སྐད་ཆ་ཡིན་པར་ཁྱབ་མོད་ཀྱང་སྐད་ཡིན་ན་སྐད་ཆ་ཡིན་པའི་ཁྱབ་པ་མེད་ལ་དེ་བཞིན་སྐད་ཆ་ཡིན་ན་སྐད་ཡིག་ཡིན་པའི་ཁྱབ་པ་མེད་པ་གནས་ལུགས་འདི་ནི་སླའོ།

           བཞི། བརྡ་སྤྲོད་པའི་སྐོར་གླེང་བ་།
བརྡ་སྤྲོད་པ་དང་ལུང་སྟོན་པ། ཀུན་གོ་བར་བྱེད་པ་། ཀུན་གསལ་བར་བྱེད་པ། ཆ་སྤྲོད་པ། ངོས་སྤྲོད་པ་དང་ར་སྤྲོད་པ་བཅས་དོན་གཅིག་ཏུ་འབབ་པ་ཡིན་ཞིང་། ནང་སེམས་ཀྱི་རེ་འདོད་ཕ་རོལ་པོར་སྤྲད་པར་བྱེད་པ་ཙམ་ཡིན།   དེ་ལ་གཉིས་ཏེ་ལུས་ཀྱི་བརྡ་སྤྲོད་པ་ནི་ཁ་བརྡ་དང་མཆུ་གཡུག་བྱེད་པ་ལྟ་བུ་དང་སྐད་ཀྱི་བརྡ་སྤྲོད་ནི་སྐད་ཆ་བཤད་པ་ལ་བྱ་བ་ཡིན་ནུབ་ཕྱོགས་སྐད་བརྡ་རིགས་པ་སྨྲ་བ་ཚོས་བརྡ་མཚོན་ནམ་མཚོན་རྟགས་ཤེས་ཡོངས་སུ་བསྒྲགས་ཡོད། འདིར་ཤེས་དགོས་པ་ཞིག་ལ་བརྡ་སྤྲོད་པ་ཞེས་པ་སྐབས་རེ་བརྡ་སྤྲོད་པའི་གཞུང་ལུགས་ལ་གོ་བ་ཡང་ཡོད་ལ་བོད་ཀྱི་སུམ་རྟགས་དག་གསུམ་ནི་བརྡ་སྤྲོད་པའི་གཞུང་ལུགས་ཤིག་ཡིན།
                  
                   ལྔ།  ཡི་གེ་བཤད་པ།
ཡི་གེ་ལ་དབྱེ་ན་གསུམ་སྟེ་རྣ་ཤེས་ཀྱིས་མཉན་བྱར་གྱུར་པའི་ཡི་གེ་(མཉན་བྱ་གང་ཞིག་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱིས་གདངས་དེ་ལ་བྱ།)དང་དང་མིག་ཤེས་ཀྱིས་བལྟ་བྱར་གྱུར་པའི་ཡི་གེ་(བལྟ་བྱ་གང་ཞིག་མིང་ཚིག་གཉིས་ཀྱིས་རྩོམ་གཞིར་གྱུར་པའི་རི་མོ་དེ་ལ་བྱ།)ལག་ཤེས་རེག་བྱར་གྱུར་པའི་ཡི་གེ་(མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་རེག་བྱ།)གསུམ་ཡིན་ཞིང་དེ་བཞིན་མིང་དང་ཚིག་སོགས་ལ་རིག་བསྒྲེ་བར་བྱ།
དྲུག།  བོད་སྐད་ཡིག་གི་འབྱུང་ཁུངས་གླེང་བ།
བོད་ཀྱི་སྐད་དུ་འཛམ་བུ་གླིང་ཞེས་ཡོངས་སུ་གྲགས་པའི་ས་སྒང་ཟླུམ་པོ་འདིའི་སྟེང་དུ་གནས་འཆའ་ཞིང་རྒྱུ་བའི་མིའི་རིགས་ཀྱི་བྱུང་རབས་འཐད་ཀྱི་ལྟ་ཚུལ་ལ་གཉིས་ཏེ་ཆེས་ཡིད་དུ་འོང་བའི་མཆོག་གྱུར་གྱི་གནས་བབ་ཞིག་ནས་ཉམས་རྒུད་ཀྱི་སྣེ་མོར་ཟགས་བཞིན་པ་དང་ཤིན་ཏུ་དམན་སར་ལུས་པའི་འཇིག་རྟེན་ཞིག་ནས་ཡར་རྒྱས་ཀྱི་རྩེ་མོར་འཕེལ་འགྱུར་འགྲོ་བཞིན་པའི་གནས་སྟངས་འདི་ཞེས་སྐད་སངས་མཐོ་པོར་སྒྲོགས་པའི་འགལ་བ་ལྟག་སྤྲོད་དུ་སོང་བའི་འཛིན་སྟངས་གཉིས་ཀྱི་ཤུགས་རྐྱེན་འོག་སྤྱིར་སྐད་ཡིག་ནི་ལྷ་ལས་བྱུང་བའི་ལུགས་དང་མིའི་སྤྱི་ཚོགས་ནས་རིམ་བཞིན་འཕེལ་འགྱུར་དུ་སོང་བའི་ལུགས་འདི་གཉིས་ལས་འདའ་ཐབས་བྲལ།
དེས་ན་བོད་ཀྱི་སྐད་ཡིག་ནི་འཕགས་པ་སྤྱན་རས་གཟིགས་ཀྱིས་བཀའ་ཡིས་བསྐུལ་བ་བཞིན་འཇམ་དཔལ་དབྱངས་ཀྱིས་ཡིག་འབྲུ་བཅུ་གསར་དུ་བཟོས་ཤིང་ཡིག་འབྲུ་ཉིས་ཤུ་ལྷ་ཆེན་དབང་ཕྱུག་གི་ཌར་ཡིག་ལས་གཟུགས་བསྒྱུར་ཏེ་སྒྲ་སོར་བཞག་བྱས་པ་ཞེས་འཆད་ན་འདས་པའི་རྟོགས་ལྡན་ལོ་རྒྱུས་སྨྲ་བ་དག་གི་དགོངས་པའི་འབབ་སྟེགས་ཡིན་པར་གོར་མ་ཆག།།   དེ་ལས་བཤད་ཚུལ་གཞན་ཞིག་ནི་གཡུང་དྲུང་བོན་གྱིས་མཁས་པ་འགས་སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས་གཉིས་གངས་ཅན་བོད་དུ་རྒྱལ་བློན་དུ་མ་འཛོམས་པའི་སྔ་རོལ་དུ་བོད་དུ་ཡི་གེ་ཡོད་པའི་སྒྲུབ་བྱེད་སྣ་ཚོགས་བཀོད་ནས་མཐར་བོད་ཀྱི་ཡི་གེ་སྨར་ཡིག་ལས་བྱུང་བར་བཤད་ཅིང་སྨར་ཞེས་པ་ནི་ཞང་སྐད་དུ་ལྷ་ལ་གོ་བས་དོན་གྱི་འབབ་ས་ནི་ལྷ་ཡིག་རང་ལ་འཇུག་པས་བོན་གྱི་ལྷ་ཞིག་གིས་བཟོས་པ་ཡིན་ཞེས་ལྗགས་མ་གཡོས་ཙམ་དུ་སྣང་།   མདོར་ན་བོད་ཀྱི་སྐད་ཡིག་གི་བྱུང་བ་དངོས་གཙོ་འཕེལ་འགྱུར་སྨྲ་བའི་སྐད་ཡིག་གི་བྱུང་བ་བརྗོད་ཚུལ་གྱིས་ས་ལ་བསྒྱེལ་མ་ཐུབ་པར་རང་ལུགས་བརྟན་པོར་གནས་པ་ངོ་མཚར་བའི་ཡུལ་དུ་གྱུར།
 

བདུན། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ཡིག་གི་འགྱུར་འགྲོས་གླེང་བ།
བོད་བཙན་པོའི་རྒྱལ་ཁམས་སུ་མི་རིགས་གཅིག་དང་སྐད་ཡི་གཅིག་ཡིན་སྟབས་ཆོས་ལུགས་དང་ལུང་ཚན་གང་གིས་ཀྱང་གནོད་སྐྱོན་མེད་པར་ཐུན་མོང་ལ་དབང་བའི་བོད་རྒྱལ་ཁབ་ཆེན་པོས་རྒྱལ་ཡིག་འདི་ཉིད་ཀྱིས་ཡོངས་རྫོགས་ཀྱི་གཅིག་ཏུ་སྒྲིལ་བས་ང་ཚོའི་དོན་དམ་པའི་སྲོག་རྩ་ཡང་འདི་ཁོ་ན་ཡིན།



བརྒྱད་པ། གནའ་བོའི་བཀའ་གཙིགས་རྡོ་རིང་དང་ཡིག་རྙིང་ལ་བརྟགས་ནས་བོད་ཀྱི་སྐད་ཡིག་གི་འགྱུར་འགྲོས་གླེང་བ་།

གནའ་བོའི་རྡོ་རིང་གི་ཡིག་རྙིང་ལ་སྔོན་འཇུག་གི་འཇུག་པ་ངེས་གཏན་མེད་པ་ལ་བརྟགས་ཚེ་སྔོན་འཇུག་རྟགས་ཀྱི་དབྱེ་བ་དང་དེའི་འཇུག་ཚུལ་སྟོན་པའི་གཞུང་ལུགས་ལྷ་ལས་བབ་རྒྱུ་ཡིན་པའི་ཚོར་སྣང་དབང་མེད་དུ་སྐྱེ།དཔེར་ན་སྔོན་འཇུག་ག་ཡིག་ས་མགོ་ཅན་དང་མིང་གཞིའི་་ཡིག་དང་ཐ་ཡིག་ལ་འཇུག་པ་། གཆིགོ/ གསྩན /གཆོད་དབྱོང / གཐད /གརྩོ་/ལྟ་བུ་དང་། ་ཡིག་་མགོ་ཅན་ལ་འཇུག་པ་དང་མིང་གཞིའི་་ཡིག་ལ་འཇུག་པ་འརྟུལ འཅོས /ལྟ་བུ་དང་། ་ལ་ར་མགོ་བྲིས་པའི་ཡི་གེ་རྖི་ལྟ་བུ་དང་། ཚེག་མེད་པ་དཔེར་ན་ལོཡེཤེས་དབྱངསཀྱྀ༷སབགྱྀསྟེལ་ལྟ་བུ་དང་། ་འཕུལ་མིང་གཞི་ཕ་ཡིག་དང་ར་མགོ་ཅན་ལ་འཇུག་པ་དཕང་དུ/ དརྡུལ ་ལྟ་བུདང་།  ་ཡིག་མིང་གཞིའི་་ལ་འཕུལ་བ་བཐབ /བཐོབ་་བོ་ལྟ་བུ་དང་། ་མགོ་ཅན་དཔེར་ན་བསྩུ། བསྩུངས་།གསྩན།སྕོགས་ལྟ་བུ་། །རྗེས་འཇུག་ངེས་གཏན་མེད་པ་བཙ་པོ།་བཙ་མོ་ལ་བཙན་པོ་དང་བཙན་མོ་ཞེས་རྗེས་འཇུག་ད་དང་ན་གང་དྲན་བྲིས་པ་ལྟ་བུ། མིང་གཞི་ངེས་གཏན་མེད་པ། མིང་གཞི་ཅ་དང་ཆ་ངེས་མེད་བྲིས་པ་དཔེར་ན་འཇད་ཕབ་པ་ལོ་གཅིག  སེ་རིབ་ལོག་པར་ལོ་གཆིག། ཙང་ཆེན་ཡན་ད་།དམངས་མཐའ་མ་མན་ད། ཞང་བློན་ཡན་ད་དམངས་མན་ད་ལྟ་བུ་དང་། མིང་གཞི་ཀ་ཁ་ངེས་མེད་དུ་བྲིས་པ་དཔེར་ན ཀ་དངཁ་འྭང་ཀུན་ཅྀ་ལ་ལ་དྲུག།ཅང་པེའུཧིང་ལ་ཀལ་གསུམ། འགོ་ཀིམ་ཀང་ལ་ལ་གཉིས་ལྟ་བུ་དང་། མིང་གཞི་ཏ་དང་པ་ཐ་ཕ་ངེས་མེད་དུ་བྲིས་པ་དཔེར་ན། ཁོང་ཏ་རྣམས་ཀྱི་སུག་རྒྱ་དང་སུག་ཡིག་ཚད་ཀྱིས་བབ་།  དཔང་རྒྱ་དངོས་དང་ཁས་ལེན་གྱི་འཛུབ་ཚད་གྱིས་བབ་འ་ལྟབུ་དང་།  མིང་གཞི་ཙ་དང་ཚ་གཉིས་ངེས་མེད་དུ་བྲིས་པ་དཔེར་ན། ག་ཕོར་ཆབ་དང་སྦྱར་ནས་འཐུང་སྣ་རྩི ཕྱུགས་ཀྱི་ཁྲག་དྲོན་པོ་འཐུངས་ན་རྖི་ལྟ་བུ།པྱང་བའི་ཁྲིམས་པྱུག། གཡས་ལྦགས། རྩིབ་མ་ཁོ་བ། བཀས་གད་པ་། མི་གཐུབ །མདོར་ན་འདི་དག་བལྟས་ན་ཕོ་ཡིག་དང་མ་ནིང་གི་ཡི་གེ་གཉིས་ཕར་ཚུར་བྲིས་པ་ཤིན་ཏུ་མང་ལ། ད་དུང་དཔེར་ན་ བརླྷགས་ལྟ་བུ་ཧ་སྒྲ་ཅན་དང་ ར་ཧ་བཏགས་ཧ་ཡ་བཏགས་རྷྱ་ལྟབུ་མཐའ་མའི་སྒྲ་གདངས་ཅི་འདྲ་ཞིག་ཏུ་སྦྱོར་དགོས་མིན་སུས་ཀྱང་བརྗོད་དཀའ་བར་གྱུར་པའི་བོད་བཙན་པོའི་སྐད་ཡིག་འདི་དག་དེང་གི་དུས་སུ་སུས་ཀྱང་བཀླགས་མི་ཐུབ་པ་དང་འབྲི་ཡང་མི་སྲིད་པ་སོགས་ལ་བརྟགས་ཚེ་བོད་སྐད་ཡིག་ལ་འགྱུར་འགྲོས་འདི་ནི་བློ་ཡུལ་ལ་ཤོང་དཀའ་བའི་ཚད་དུ་འདུག་ལ་འགྱུར་འགྲོས་འདི་ཡིས་ང་ཚོ་དང་ང་ཚོའི་མེས་པོའི་བར་རྒྱང་ཐག་ཅི་ཙམ་ཆོད་ཡོད་པ་གསལ་བཤད་བྱས་པ་དང་གཉིས་སུ་མ་མཆིས་སོ་།། (གོང་བཀོད་དཔེར་བརྗོད་དག་གི་ལུང་ཁུངས་ནི༡༠བསམ་ཡས་རྡོ་རིང་ཡི་གེ་ལས་ཕྲ་མ་མྱི་གསྩན།༡༠བསམ་ཡས་དཕང་དུ་གསོལ།༣ལྡན་མའི་བཀའ་གཙིགས་བྲག་བརྐོས་མ ༡བླ་ན་མྱྀད་པའི་བདེ་སྐྱིད་བཐོབ་བོ།བཙན་པོའི་ཁྲིམས་ཡིག་ལས།རི་དགས་ལ་མདའས་དརྡུལ །བརྟུལ་བ།ཁྲིམས་གཆིགོ།ཀཅིན་དང་འོག་འརྟུལ་བས་ཀྱངསེམས་བསྐྱེད་ལོགས།གརྩོ་ལ་ཅང་གིས།བདེན་པ།འཙོལ་ཆིག།གཆོད་དབྱོང་གི་རིང་ལུགས།  གཆགས།དཕང་བརྒྱ།དཔང་བརྒྱ།བཐབ་ཕ་བཏབ་པ།་ གཐན་།གཅལད་པ་མན་ཆེས་མཆི།
 འབིས་མདོའི་བཟང་པོ་སྤྱོད་པའི་སྨོན་ལམ་ལས་རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཙལ་ལོ།)

 དགུ་པ། མི་རིགས་གཞན་གྱི་ཤེས་རིགས་ནང་འདྲེན་བྱས་ཚུལ་ལ་བརྟགས་         ནས་བོད་སྐད་ཡིག་གི་འགྱུར་འགྲོས་གླེང་བ།
བོོད་དུ་ཕྱིའི་རྒྱལ་ཁབ་ནས་ཤེས་རིག་ནང་འདྲེན་ཐོག་མ་སྲོང་བཙན་སྒམ་པོ་འགོ་བཙུགས་པ་ནས་བཟུང་ད་བར་ལོ་ཆིག་སྟོང་ལྷག་གི་རིང་བོད་སིལ་བུ་འཐོར་བའི་མི་ལོ་བཅུ་ཕྲ་ཁ་ཤས་རིང་མ་གཏོགས་ལེགས་ཉེས་ལ་མ་ལྟོས་པར་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་ཤེས་རིག་ནང་འདྲེན་བར་ཆད་མེད་བྱས་ཡོད། ལྷག་པར་དུ་ཆོས་རྒྱལ་མེས་ཨག་ཚོམ་དང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གཉིས་ཀྱི་སྐབས་སུ་ནང་ཆོས་གཙོ་བོར་གྱུར་པའི་ཕྱི་ནོར་ནང་འདྲེན་བྱེད་སྐབས་སྔར་མེད་པའི་མིང་ཚིག་མང་པོ་གསར་བཟོ་གནང་བ་དང(ཆོས་དང་སངས་རྒྱས་ནང་པ་ལྟ་བུ་རེད་)དེ་བཞིན་སྒྲ་སོར་བཞག་བྱས་ནས་ཡི་གེའི་གཟུགས་བསྒྱུར་བ་དང་དོན་བསྒྱུར་བ། སྒྲ་བསྒྱུར་བ་སོགས་གཅིག་གྱུར་ཡོང་ཕྱིར་སྒྲ་བསྒྱུར་བམ་གཉིས་ཞེས་པའི་ནང་དུ་སྐད་གཅིག་ལ་མིང་དུ་མར་འདྲེན་པ་དག་གོང་འོག་ལ་བསྟུན་ནས་དོན་གང་ལ་བསྙེགས་པ་ཡོད་མེད་ལ་བལྟས་ནས་བསྒྱུར་དགོས་པ་དཔེར་ན་གཽ་ཏ་མའི་གོ་སྒྲ་དང་ཀཽ་ཤི་ཀ་ལྟ་བུ་སོགས་ཇི་ལྟར་བསྒྱུར་དགོས་པ་དང་དེ་བཞིན་དངོས་པོ་བོད་སྐད་ལ་མེད་པ་ལུང་པ་དང་རྩི་ཤིང་སོགས་ཀྱི་སྐད་སོ་ན་བཞག་སྟེ་བསྒྱུར་བ་སོགས་སྒྲ་བསྒྱུར་རིག་པའི་གཞུང་ལུགས་གཏན་ལ་ཕབ་སྟེ་གང་བསྒྱུར་བ་རྣམས་དཀར་ཆག་དུ་བཀོད་ནས་གང་བྱུང་དུ་བསྒྱུར་མི་ཆོག་པའི་བཀའ་རྒྱ་ཡང་ནན་པོ་ཕེབས་ཏེ་བཀའ་ཡིས་ཐག་བཅད་པ་ལ་བཀས་བཅད་ཅེས་ཡོངས་སུ་གྲགས་པར་གྱུར། བཀའ་བཅད་དང་པོ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་མཛད་ཅིང་དེའི་སྐབས་སུ་སངས་རྒྱས་ཕལ་པོ་ཆེ་སོག་མདོ་སྡེ་ཁག་གཅིག་བསྒྱུར་བར་མཛད།  དེ་རྗེས་མངའ་བདག་ཁྲི་རལ་བས་ཡབ་མེས་ཀྱི་ཕྱག་བཞེས་གཅེས་འཛིན་བྱས་ཏེ་ལོ་ཙྭ་བ་སྐ་ལྕོག་ཞང་གསུམ་སོགས་རྒྱལ་བློན་མཁས་པ་དུ་མ་ལྷན་ཅིག་འཛོམས་ནས་བཀས་བཅད་བར་པ་མཛད་ནས་བོད་ཀྱི་སྐད་ཡིག་གིས་སྟེང་འདིར་བླ་ན་་མེད་པའི་ཕྱག་རྗེས་བཞག་ཡོད།   འོན་ཀྱང་དུས་དབང་འགལ་རྐྱེན་གཅིག་ཐོག་ཉིས་བརྩེགས་བྱུང་ཞིང་རྒྱལ་ཁྲིམས་གསེར་གྱིི་ཐག་པ་དུམ་བུར་གྱུར་ཏེ། བོད་ཀྱི་བཙན་པོའི་མི་རྒྱུད་ཀྱི་དབང་བསྒྱུར་གྱི་རྩ་བ་རུལ་ནས་བོད་རྒྱལ་ཁབ་སིལ་བུར་འཐོར་བའི་མི་ལོ་བཅུ་ཕྲག་ཁ་ཤས་རིང་བོད་བརྒྱུད་ནང་བསྟན་ཉམས་རྒུད་ཤུགས་ཆེར་བྱུང་བ་མ་ཟད་ལུང་ཚན་སོ་སོར་ཚོ་དཔོན་དག་གིས་མངའ་དབང་བྱས་ཏེ་ཕན་ཚུན་བར་འབྲེལ་འདྲིས་ཉུང་བའི་དབང་གིས་བོད་ཀྱི་ལུང་ཚན་སོ་སོར་ཕལ་སྐད་ཀྱི་མགོ་བོ་འབུས་ཏེ་སྤྱི་སྐད་ཀྱི་རྐང་པ་ཆགས་པའི་སྐབས་སུ། བོད་དུ་ནང་བསྟན་སླར་ཡང་མདོ་ཁམས་སྨད་ནས་དར་འགོ་ཚུགས་ཏེ་བོད་ཀྱི་སྐད་ཡིག་ཤི་ལ་ཉེ་བ་དེ་ཉིད་སླར་ཡང་ཚེ་སྲོག་གི་དཔལ་ཡོན་རྒྱས། བོད་ཀྱི་ལོ་ཙྭ་བ་མང་པོ་གངས་ཅན་ས་ཡི་རྒྱན་དུ་བྱོན་ནས་འཕགས་བོད་མཁས་གྲུབ་དུ་མ་གངས་ཅན་བོད་དུ་གདན་འཛོམས་ནས་སྤྱིར་མདོ་བསྔགས་ཀྱི་ཆོས་སྐོར་མང་པོ་བསྒྱུར་བ་དང་དག་ཐེར་བྱས་པས་བོད་ཀྱི་སྐད་ཡིག་ལ་ཚེ་སྲོག་གསར་པ་སྐྱེ་འགོ་ཚུགས་ནས་ཐོན་མི་སམ་བྷོ་ཌའི་མཚན་གྱི་དར་ཆ་མཐོ་པོར་བསྒྲེངས་ཏེ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ལ་དོན་གཉེར་རིག་པའི་སྒོ་བརྒྱ་བྱེ་སྟེ་དེའི་འགྲེལ་བ་དང་ཡང་འགྲེལ་ནམ་མཁའི་སྐར་ཚོགས་ས་ལ་ལྷུང་བ་བཞིན་བགྲངས་ཀྱིས་མི་ལང་བ་བྱུང་ཡོད།  དེ་བཞིན་དག་ཡིག་གི་གཞུང་སྣ་ཚོགས་མི་བརྩམས་ཀ་མེད་གྱུར་ཅིང་སྒྲ་འདྲ་ལ་དོན་མི་འདྲ་བའི་བོད་པས་རང་སྐད་རང་གིས་ནོར་བའི་དུས་རིམས་འདི་ལ་དཔྱད་ན་བོད་སིལ་བུར་གྱུར་པའི་དུས་ཡུན་ལོ་ངོ་བཅུ་ཕྲག་བརྒྱད་ནང་བོད་ཀྱི་རྒྱལ་སྐད་བོད་པའི་འབངས་ཀྱི་མགྲིན་པ་རུ་རྫོགས་ཚིག་བཀོད་ལ་ཉེ་བའི་ཉེན་ཁ་ཆེན་པོ་བྱུང་ཡོད་པར་སྣང་དེ་ཡང་ས་སྐྱ་པན་ཆེན་གྱིས་བོད་ཀྱི་སྐད་ཡིག་ལ་བླ་ན་མེད་པའི་ཕྱག་རྗེས་བཞག་པ་དང་ས་སྐྱ་བསོད་ནམས་རྩེ་མོས་བོད་ཡིག་གི་སྦྱོར་ཀློག་ཇི་ལྟར་བྱ་དགོས་མིན་ངོས་སྤྲོད་ཀྱང་བྱས་ཡོད།  གཞན་ཡང་བོད་ཀྱི་དབྱངས་དང་གསལ་བྱེད་སོ་སོའི་རྒྱུ་དང་རྐྱེན་སྟེ་སྐྱེ་གནས་དང་བྱེད་པ་རྩོལ་བ་སོགས་གསལ་བར་འཆར་བའི་སྨྲ་སྒོ་མཚོན་ཆ་སོགས་བསྒྱུར་བ་དང་བོད་ཀྱི་མེས་པོའི་མཛུབ་རིས་སུ་གྱུར་པའི་ཡིག་གཟུགས་སྣ་ཚོགས་གསར་གཏོད་དང་རྒྱུད་འཛིན་བྱས་ཀྱང་བོད་སྤྱི་ལ་དབང་བསྒྱུར་བའི་རྒྱལ་པོ་མེད་པས་ཡིག་བསྒྱུར་བྱ་སྟངས་དང་མིང་ཚིག་བཀོལ་སྤྱོད་བྱ་སྟངས་ལ་མི་མཐུན་པ་སྣ་ཚོགས་བྱུང་སྟབས་མངའ་རིས་ཆོས་རྒྱལ་དང་ལོ་ཆེན་རི་ཆེན་བཟང་པོ་སོགས་ཀྱིས་བཀའ་བཅད་གསུམ་པ་མཛད་ཀྱང་བསྟན་བཅོས་ལ་བསྟན་ཆོས་།  སྟུག་པོ་ལ་འཐུག་པོ་། ཉི་ཤུ་ལ་གཉིས་བཅུ། སུམ་ཅུ་ལ་གསུམ་བཅུ། སུམ་བརྒྱ་ལ་གསུམ་བརྒྱ། བསམ་གཏན་ལ་བསམ་བཏན་ལ་སོགས་པ་མིང་ཚིག་འགའ་ཞིག་བཀས་བཅད་གཉིས་པ་ལྟར་རང་སོར་གནས་ཡོད་འདུག། མི་རིགས་གཞན་གྱི་ཆོས་དང་རིག་གཞུང་ནང་འདྲེན་བྱས་སྟབས་གཞན་སྐད་ཟུར་དུ་ཆག་པ་དང་ དཔེར་ན་གཉྗེར་ལ་གན་ཇི་ར་དངཔ་ཏ་ཀ་ལ་བ་དན་། མུཀྟིཀ་ལ་མུ་ཏིག་དང་ཀེ་ས་ར་ལ་གེ་སར་།སཙྪ་ལ་ཚ་ཚ་དང་ཛ་པ་ལ་འཛབ།  གྲཱི་ལ་གྲེ་བ་དང་ཤིམ་ཤ་པ་ལ་ཤིང་ཤ་བ་སོགས་གཞན་སྐད་སྒྲ་མ་དག་པར་བོད་སྐད་དུ་གྱུར་པ་ཤིན་ཏུ་མང་། གཞན་སྐད་དང་རང་སྐད་མཉམ་བསྲེ་བྱས་ནས་བསྒྱུར་བ་དཔེར་ན་མེ་ཏོག་པདྨ་དངརྩྭ་ཀུ་ཤ། ཡུལ་ཝཱརཎཱསི་སོགས་ལ་རིགས་བསྒྲེ་བར་བྱ།  གཞན་ཡང་བསྔགས་ཡིག་ཐམས་ཅད་ཡིག་གཟུགས་བསྒྱུར་བ་མ་གཏོག་སྒྲ་རང་སོར་བཞག་ཡོད་པ་འདི་ཡང་ཤེས་དགོས་པའི་གནད་གཅིག་ཡིན་མོད་ཀྱང་ཐམས་ཅད་ཡིག་ཚོགས་ལ་འཇིགས་ནས་འདིར་མ་བྲིས་སོ།  དེ་ལྟར་ཕྱི་སྐད་ནང་འདྲེན་གྱི་རྐྱེན་པས་བོད་སྐད་ཡིག་གི་མིང་དང་ཚིག་བརྗོད་པ་སོགས་ཕྱུག་ཏུ་ཕྱིན་པ་སྨོས་མེད་ཡིན། དེའི་སྐབས་བོད་ཀྱི་མཁས་པ་རྣམས་ཀྱིས་ཕྱི་ཡི་ཤེས་རིག་ནང་འདྲེན་བྱས་པ་ཙམ་མ་ཡིན་པར་བོད་སྐད་དུ་གང་བསྒྱུར་བ་དག་མ་ལུས་གཅེས་ཉར་ཐོབ་ཕྱིར།  བཅོམ་ལྡན་རིག་རལ་གྱིས་བོད་ཀྱི་སྙིང་མིག་སྲོག་གསུམ་ལྟ་བུར་གྱུར་པའི་བཀའ་འགྱུར་རྣམས་ཕྱོགས་བསྒྲིགས་བྱས་པ་ནས་བཟུང་བཀའ་བསྟན་བསྟན་རྣམས་ཡི་གེར་འགོད་པ་དང་དེ་དག་དཀར་ཆག་བཏབ་ཏེ་ཕྱོགས་བསྒྲིགས་བྱེད་པ་ གཅིག་འཇུག་གཉིས་འཐུད་བྱུང་བ་སོགས་ཀྱིས་བོད་བརྒྱུད་ནང་ཆོས་གཙོ་བོར་གྱུར་པའི་རིག་པའི་གཞུང་ལུགས་ཀུན་མི་ཉམས་ཡུན་རིང་གནས་པའི་རྟག་བརྟན་གྱི་རྡོ་རིང་བསླངས་པའི་བཀའ་དྲིན་ནམ་ཡང་བརྗེད་ཐབས་བྲལ།
བཅུ་པ། ནང་གི་རྒྱལ་སྲིད་གོང་འཕེལ་ལ་བརྟགས་ནས་བོད་ཀྱི་སྐད་ཡིག་གི་འགྱུར་འགྲོས་གླེང་བ།
བོད་ཡུལ་དུ་བོད་བཙན་པོའི་མི་རྒྱུད་ཀྱིས་དབང་བསྒྱུར་མ་བྱས་པའི་སྔ་རོལ་ལ་སྟོད་སིལ་མ་ཞེས་འབོད་ཅིང་དེའི་སྐབས་ཀྱི་སྐད་ཀྱི་འགྲོས་དང་མགུར་གྱི་རྣམ་པ་སོགས་འགྱུར་བ་དེ་ཙམ་ཕྱིན་མེད་པ་ནི་ཟིང་པོ་རྗེའི་བློན་པོ་གཉིས་ཀྱིས་ངོ་ལོག་ཁའི་གླུ་དང་བཙན་པོ་རིམ་བྱོན་གྱི་མགུལ་དང་བློན་པོ་རྣམས་ཀྱི་མགུལ་དང་དེའི་སྐབས་ཀྱི་ཁྲིམས་ཡིག་དང་གྱོད་ཡིག་སོགས་ལ་བལྟས་ན་རྟོགས་ཐུབ་པ་འདུག་འོན་ཀྱང་བོད་རྒྱལ་བཙན་པོ་སྲོང་བཙན་གྱིས་ཕྱོགས་བཞི་རྒྱལ་ཕྲན་མང་པོ་དབང་དུ་བསྡུས་ནས་བཙན་པོའི་རྒྱལ་རབས་བརྟན་པོར་གནས་ཕྱིར་བོད་ཀྱི་རྒྱལ་ཁྲིམས་ཆེན་པོ་ཁོད་སུམ་ཅུ་སོ་དྲུག་གཏན་འབེབ་དང་ཕྱག་བསྟར་གནང་སྟེ་དགྲ་འཐབ་དམག་དཔོན་གྱི་གོ་གནས་དང་དམག་གི་ཁ་གྲངས་དམག་རྟའི་སྤུ་རིས་དམག་དར་གྱི་ཁ་དོག་།ནང་སྲིད་འཛིན་པའི་བློན་པོའི་དབང་ཚད་དང་ཡུལ་སྡེའི་རྒྱ་ཁྱོན་ས་གནས་དང་མི་སྡེའི་དབྱེ་བ་ཚོང་ལས་དང་ཁྲོམ་རའི་ལམ་ལུགས་དག་རྒྱ་བསྐྱེད་ཆེན་པོ་བྱས་སྟབས་བོད་ཀྱི་རྒྱལ་སྐད་ཀྱི་བཀོལ་སྤྱོད་བྱ་སའི་མངའ་ཁོངས་ཧ་ཅང་ཆེན་པོ་བྱུང་ཞིང་བོད་སྐད་ཡིག་གོང་འཕེལ་འགྲོ་སྟངས་འཐད་ལབཙན་པོ་འུ་རུམ་བཙན་པོའི་སྲིད་དབང་མ་བཟུང་བར་ལ་ཞིབ་ཏུ་དཔྱད་ན་ཤར་ཕྱོགས་ཨེ་ཤེ་ཡའི་མངའ་ཁོངས་བོད་སྐད་ནི་ཁྱབ་རྒྱ་ཆེ་ཤོས་ཀྱི་སྐད་ཡིག་ཞིག་ཏུ་གྱུར་ཡོད་པ་ཁ་ཚོན་བཅད་ཆོག།།རྒྱུ་མཚན་འདི་དག་ལ་གཞིགས་ཚེ་སྐད་ཡིག་ཅིག་གོང་འཕེལ་དང་རྒྱུན་གནས་ཡོང་བར་བྱེད་དགོས་ན་ངེས་པར་དུ་སྐད་ཡིག་དེ་ཉིད་བཀོལ་སྤྱོད་ཀྱི་ས་ཁོངས་ཆེ་རུ་གཏོང་དགོས་པ་དང་བཀོལ་སྤྱོད་ཀྱི་བྱ་བ་མཚམས་གཏན་ནས་འཇོག་རྒྱུ་མེད་པའི་བསླབ་བྱ་ལེན་དགོས།

བཅུ་གཅིག  ཕྱི་ཡི་དགྲ་བོའི་བཙན་འཛུལ་ལ་བརྟགས་ནས་བོད་སྐད་ཡིག་གི་འགྱུར་འགྲོས་གླེང་བ།
བོད་གངས་ཅན་པ་ཞེས་ཡོངས་སུ་གྲགས་པའི་དབུས་འགྱུར་ཆོས་ཀྱི་ཞིང་ས་དེར་རབ་བྱུང་ངུར་སྨྲིག་འཛིན་པའི་དགེ་འདུན་བྱེ་བའི་རྒྱལ་ས་་དམ་པ་ཆོས་ཀྱི་ལྟེ་གནས་ཚེ་འདི་ལ་ཕྱི་མ་གཙོ་ས་རང་ལས་གཞན་གཅེས་ཤིང་སྒེར་ལས་སྤྱི་གཙོ་བོར་བྱེད་པའི་འཚེ་མེད་ཞི་བའི་འབྱུང་གནས་དེར་རྒྱ་མི་དམར་ཤོག་ཚོགས་པ་སྟེ་སྤྱི་ལ་སྒེར་གཙོ་བ་གཞན་ལས་རང་གཅེས་པ་ཚེ་ཕྱི་མ་མེད་པར་བལྟ་བ་གཞན་ཕན་གྱི་ཞགས་རྩི་རིང་དུ་གྱུར་པ་སེམས་རྒྱུད་ལ་གསོད་གཏུབ་ཁོ་ནར་ངན་གོམས་སུ་གྱུར་ཏེ་འཚེ་བའི་བྱ་བ་མ་གཏོགས་དོན་གཉེར་མི་ཤེས་པས་བཙན་འཛུལ་བྱས་ནས་ད་བར་དུ་བོད་སྤྱོད་ནང་བསྟན་ནས་བྱུང་བའི་བཟང་སྤྱོད་དང་ཞི་བདེའི་མཚོན་བྱེད་དུ་གྱུར་པའི་མིང་ཚིག་རྣམས་རེ་རེ་བཞིན་དུ་ལྔ་པའི་ལམ་དུ་བཞུད་ནས་བཤུས་གཞོག་དང་བྲན་གཡོག་།གྲལ་རིམ་དགྲ་བོ་དང་ས་བདག་ཆེན་པོ་། གཞན་རྟེན་གྱི་སྲིན་བུ་དང་། གུང་ཕྲན་ཏང་དང་། ཞན་དང་ཤང་། ཆུས་། ཀང་འབིས། ཀྲུང་ཧྭ། ཐོན་ཡོན་། ཏང་ཡོན་། ཏང་ཀྲི་པུའུ་། ཧྲུའུ་ཅི་། ཞང་ཀྲང་།སྤ་སེ་། ཀུང་སི་། རིག་སློབ་ཅུས་སོགས་གྲངས་ཀྱིས་མི་ལང་བ་སྒྲ་མི་དག་པ་མཉམ་བསྲེ་བྱས་པའི་མིང་ཚིག་འདི་དག་གིས་བོད་མིའི་ལྕེ་ཐོག་ལ་བཙན་འཛུལ་བྱས་ཟིན་པ་དང་བྱེད་བཞིན་པ་བྱ་རྒྱུར་མངོན་དུ་ཕྱོགས་པ་འདི་དག་ནི་རྒྱ་མི་དམར་པོས་བོད་ལ་བཙན་འཛུལ་བྱས་པ་ལས་ཀྱང་ཉེན་ཁ་ཆེ་བ་དང་གནོད་སྐྱོན་ཆེ་བས་བོད་པ་མི་རེ་ངོ་རེས་རང་ཉིད་སུ་ཡིན་མིན་དང་རང་གིས་སུའི་སྐད་ཡིག་བེད་སྤྱོད་བཏང་གི་ཡོད་མེད་གསལ་པོར་ཤེས་པ་བྱས་ཏེ་རང་གིས་ཁ་ཡིས་བཟོ་བཞིན་པའི་ནག་ཉེས་འདི་ཚོ་ཁ་ཡི་ནང་ནས་སྤངས་བླང་བྱ་རྒྱུའི་དུས་ལ་སླེབས་ཡོད།
བཅུ་གཉིས། ཕྱི་ཡི་འཁོར་ཡུག་གི་ཤུགས་རྐྱེན་ལ་བལྟས་ནས་བོད་སྐད་ཡག་གི་འགྱུར་འགྲོས་གླེང་བ།
རྒྱ་དམར་བོད་ལ་འཛུལ་མ་བྱས་པའི་སྔ་རོལ་དུ་མན་སོག་གི་གནོན་ཤུགས་ཁྲོད་བོད་སྐད་ལ་གནོན་ཤུགས་ཕྲན་བུ་བྱུང་ཡོད། དཔེར་ན་ཧ་ཡང་དང་ཅོག་ཙེ་དང་གྲུམ་རྩེ། ཕྱིང་སང་དང་ཅུས་ཝང་། ཆིང་ཝང་ལྟ་བུ་རྒྱ་སྐད་དང་ དར་རྒན་། ལག་ཤི་།དར་ར་ཁ་ཆེ། ཆོ་ལོའི་ལྟ་བུའི་སོག་སྐད་འགའ་ཞིག་བོད་སྐད་ཡིག་གི་ནང་དུ་འཛུལ་བྱས་ཡོད་ན་ཡང་བོད་བརྡ་ལྟ་བུར་གྱུར་པས་ཉེན་ཁ་དེ་ཙམ་བྱུང་མེད་པ་འདྲ ། བོད་མི་རིག་བཙན་དུ་བྱོལ་ནས་མི་ལོ་ལྔ་བཅུའི་རིང་ཕྱིར་མིག་གཅིག་བལྟས་ན་དགེ་སྐྱོན་ཆ་གཉིས་ཀ་བྱུང་ཡོད་། ཐོག་མར༸གོང་ས་མཆོག་གིས་བརླབས་ཆེན་ཕུགས་རྒྱང་རིང་བའི་སྲིད་བྱུས་ཀྱིས་་བོད་པའི་སློབ་གྲྭ་ཟུར་འཛུགས་གནང་སྟེ་བོད་མི་རིགས་འཆི་ལམ་ལས་བསྐྱབས་པའི་ཐུགས་རྗེའི་གྲིབ་བསིལ་འོག་རྒྱ་གར་མི་ཚོགས་ས་ཡ་མང་པོའི་ཁྲོད་བོད་མི་སྟོང་ཚོ་ཁ་ཤས་ལས་མེད་ཀྱང་མི་རིགས་ཀྱི་ངོ་བོ་མ་བརླགས་པར་བོད་ཀྱི་ཕྱི་རོལ་དུ་བོད་གསར་པ་ཞིག་གསར་བསྐྲུན་བྱས་པའི་བརླབས་ཆེན་གྱི་མཛད་རྗེས་རི་རྒྱལ་ལྷུན་པོ་འདྲ་བ་འདི་ས་གོ་ལས་ཀྱང་ཐེག་དཀའ་བའི་ཚད་དུ་སྣང་། འོན་ཀྱང་༸གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་པ་བཞིན་ང་ཚོས་བསྒྲུབས་ཐུབ་མེད་སྟབས་༸གོང་ས་མཆོག་གསུང་སྐད་ཁ་ཤས་བཀྱོན་དགོས་བྱུང་བ་ནི་ང་ཚོ་ངོ་གནོང་དགོས་པ་ལོས་ཡིན། དེང་བཙན་བྱོལ་དུ་བོད་སྐད་དང་ཧིན་སྐད་དབྱིན་སྐད་བཅས་བསྲེས་ནས་རང་གི་མི་རིགས་ཀྱི་རྒྱུན་སྤྱོད་མིང་ཚིག་རེ་རེ་བཞིན་ཤི་སྟངས་ལ་ལྟོས་དང་། དེ་ཡི་དཔེ་མཚོན་འགའ་ཞིག་བགྲངས་ན་རྡ་རམ་ས་ལ་གཡག་མོ་ལ་འོ་མ་བཞོས་པ་དང་།ཀ་རྡོར་སྒང་གསུམ་དུ་ཆུ་དང་འོ་མ་ཐུག་པ་སོགས་བཏུང་བྱ་ཡོད་ཚད་ཟས་པ་དང་།མ་སུ་རིར་སྤྲེའུ་ལགས་ཕེབས་པ་དང་།གཞིས་གྲོང་ཁག་ཏུ་རྟ་ཡིས་སྐད་ཆ་བཤད་པ་། དཀར་པོ་རྟ་ལ་བཞོན་པ།  བ་ཕྱུགས་ཀྱིས་རྡོག་ཐོ་ཕོག་པ་དང།འབིང་གི་ནང་ནས་དངུལ་ལེན་པར་ཕྱིན་པ། ཧོལ་དུ་ཚོགས་འདུ་འཚོགས་པ། ཚོགས་འདུར་མི་པུ་ར་མ་སླེབས་པ་དང་།  ཤིང་སྡོང་ལ་ཆུ་པོར་བ་དང།གྲོགས་པོ་མཉམ་དུ་ང་འབིས་འགྲོ་བ་དང། ཀུ་ཤལ་ན་ཀར་ཏག་ཕྱིན་པ་སོགས་གཞན་སྐད་དང་རང་སྐད་མཉམ་བསྲེ་བྱས་པ་དང་གཞི་ཚིག་དང་ཆོས་ཚིག་གོ་རིམ་ལྡོག་པས་རང་སྐད་ངོ་མའི་དོན་ཤོར་བ་འདི་དག་གོ་ནས་གད་མོ་ཤོར་བ་བརྟགས་ན་ངུ་ཤོར་བའི་མི་བུ་ར་མ་ལུག་གིས་སྐད་ཡ་མ་ཟུང་སྨྲ་བཞིན་མགོ་བོ་འདེགས་པ་འདི་ནི་མི་རིགས་ཤིག་གི་སྐྱོ་ཉམས་རེད་ལ་སྐྱོ་ཉམས་འདི་ནི་མི་རིགས་ཤིག་གཏན་ནས་གསོན་ཐབས་མེད་པའི་སྐྱོ་ཉམས་ཤིག་རེད་ལ་ཤིན་ཏུ་འཇིགས་གཡེར་བའི་སྐྱོ་ཉམས་སྙིང་གིས་བཟོད་དཀའ་བའི་སྐྱོ་ཉམས་ཤིག་ཀྱང་གྱུར་སོང་ངོ།
བཅུ་གསུམ། དེང་གི་ཀུན་ཁྱབ་ཚན་རིག་ལ་བརྟགས་ནས་བོད་སྐད་ཡིག་གི་འགྱུར་འགྲོས་གླེང་བ།
དེང་གི་དུས་ཚོད་འདི་ལ་དུས་རབས་གསར་པ་ཞེས་སྐྱེ་བོ་ཁ་ཡོད་ཀུན་གྱིས་མགྲིན་དབྱངས་གཅིག་ཏུ་སྒྲོགས་བཞིན་པའི་དུས་རབས་ཤིག་ཡིན་ལ་དུས་རབས་འདིའི་ནང་ལ་ཕྱིའི་དངོས་པོ་གོང་འཕེལ་བཏང་ནས་རང་ཉིད་དངོས་པོའི་གཡོག་ཏུ་འཛུལ་བའི་དུས་རབས་ཤིག་ཀྱང་རེད་། དུས་རབས་གསར་པའི་འཕྲུལ་ཆས་དང་དུས་རབས་གསར་པའི་ཚན་རིག་ དུས་རབས་གསརཔའི་སྒྱུ་རྩལ་དག་གློག་ལྟར་མྱུར་ཞིང་འབྲུག་ལས་ཀྱང་གྲགས་ཆེ་བར་གྱུར་ཡོད། འཛམ་གླིང་ཧྲིལ་པོ་དུས་རབས་གསར་པས་དབང་བསྒྱུར་གཏོང་བཞིན་པའི་སྐབས་འདིར་རྗེས་ལུས་དང་ཉམས་རྒུད་ཀྱི་སྣེ་མོ་ཟགས་བཞིན་པའི་བོད་པ་ཡང་རང་དབང་མེད་པར་དུས་རབས་གསརཔའི་དབང་བསྒྱུར་འོག་ཏུ་ཚུད་འགྲོ་བ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ཤིག་རེད། དེས་དབང་གིས་བོད་ཞེན་ཤིན་ཏུ་ཆེ་ཞེང་བློ་ཁ་མཐོ་བའི་བོད་པ་འགས་ཚན་རིགས་ལས་བྱུང་བའི་འཕྲུལ་ཆས་ཀྱི་མིང་དང་སྲིད་དོན་དང་དཔལ་འབྱོར་སོགས་ཀྱི་མིང་ཚིག་མང་པོ་བོད་སྐད་དུ་བསྒྱུར་འགོ་བཙུགས་ཡོད། སློབ་གསོ་དང་ཤེས་རིག། ཀམ་པུའི་ཀྲར་དང ། རིག་འཛུད་འཕྲུལ་ཆས་། གློག་ཀླད་།  གློག་ཡིག་དང་གློག་འཕྲིན་།  མི་བཟོས་སྲུང་སྐར་དང་མི་བཟོས་འཕྲུལ་སྐར་། རྒྱང་བསྒྲགས་དང་སྒྲ་སྒམ་། བྷང་སྒྲ་ཆེན་པོ་དང་འགས་གཏོར་ཆེན་པོ་།འབིག་བྷན། གྲོས་ཚོགས་དང་ཚོགས་གཙོ་། འགན་འཛིན་དང་ངེས་སྟོན་པ་། ཉེ་བའི་རིགས་བདག་།ཁྲིམས་བཟོ་ལྷན་ཚོགས་།ཁྲིམས་རྩོད་པ་།རིག་སྡེ་འགན་འཛིན་།སྡེ་འགན་། རིགས་དྲུང་། གཞན་ཡང་རྡུལ་ཕྲན་སྐོར་དང་ཨང་རྩིས་ལ་ཚབ་རྩིས་དང་དབྱིབས་རྩིས་ཀྱི་སྐོར་དང་། ས་ཁམས་རིག་པ་། གནམ་གཤིས་རིག་པ་། སྐར་རྩིས་རིག་པ་། སྐྱེ་དངོས་རིག་པ་སོགས་ཤིན་ཏུ་མང་པོ་བསྒྱུར་བཟོ་བྱས་ཡོད་ཀྱང་བོད་དུ་ཆབ་སྲིད་ཀྱི་གནོན་ཤུགས་འོག་མི་རིགས་ཆེན་པོས་སྐད་ཡིག་གིས་བཙན་འཛུལ་གྱིས་གོད་ཆག་དང་ཉམས་རྒུད་ཀྱིས་བཟོས་པའི་བོད་སྐད་ཡིག་གི་རྨ་ཁ་ལས་བྱུང་བའི་ན་ཟུག་གི་ཆོ་ངེ་ཉན་མི་བཟོད་པ་བྱུང་ཞིང་རང་སྐད་བཀོལ་སྤྱོད་བྱས་པའི་ས་ཁོངས་ཧ་ཅང་རྒྱ་ཆུང་བས་འབད་བརྩོན་བྱས་པ་དང་མཐུན་པའི་གྲུབ་འབྲས་ཐོན་ཐབས་བྲལ་བ་དང་རང་དབང་ལུང་པ་བོད་མིའི་གནས་བསྡད་ས་ཁུལ་ཁག་ཏུ་དོན་དམ་པའི་སྐད་ཡིག་གི་བྱེད་ལས་ཀྱི་ནུས་པ་ངོས་འཛིན་མ་ཐུབ་པ་དང་སྣང་མེད་ཤོར་བ་གནས་སྐབས་ཀྱི་འཕྲལ་ཁེ་ཕྲན་བུ་ལ་གཡེང་ནས་ཁྱད་གསོད་བྱས་པ་སོགས་ཀྱིས་བོད་པ་གསོན་པོའི་ཁ་ནས་བོད་སྐད་ཡིག་འཆི་བཞིན་པའི་དངོས་མཐོང་འདི་དག་གཏན་ནས་སྦ་ཐབས་མེད་པའི་ང་ཚོའི་མི་རབས་འདིའི་ནག་ཉེས་འདི་སུ་ལའང་བཀལ་ས་མེད་པས་རང་གི་ཕྲག་པར་གཟར་རྒྱུ་ལས་བྱ་ཐབས་གང་ཡང་མ་མཆིས་སོ།
འབྱུང་འགྱུར་གྱི་མི་རབས་རྣམས་ཀྱིས་ང་ཚོས་བཟོས་པའི་ནག་ཉེས་ལ་གུ་ཡངས་མི་བཏང་བར་ང་ཚོའི་རྣམ་ཤེས་དང་དུར་ས་ལ་མི་འདོད་པའི་ཚིག་མཚོན་དང་རྡུང་སྡིག་བྱ་དུས་ང་ཚོ་དུར་ཁང་ནང་དུ་འགྱོད་པའི་མིག་ཆུ་བཞུར་བའི་རྒྱ་མཚོའི་ནང་དུ་བྱིེངས་ཏེ་རང་གི་སྣམ་སྨིན་ངན་པ་དེ་མྱོང་བཞིན་ལྷག་ངེས་ཡིན།།

བཅུ་བཞི། བོད་ཀྱ་བརྡ་སྤྲོད་རིག་པ་ལ་འཕྲི་སྣོན་དགོས་མིན་སྐོར་གྱི་བསམ་ཚུལ་ཐུང་ངུ་།
བོད་ཀྱི་བརྡ་སྤྲོད་རིག་པ་ཞེས་པ་ནི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་སྐད་ཀྱི་ངོ་བོ་དང་བཀོལ་སྤྱོད་ཇི་ལྟར་བྱ་དགོས་མིན་གྱི་རྣམ་གཞག་སྟོན་པའི་སྐད་ཡིག་རྩ་ཁྲིམས་ཤིག་རེད་། དེ་ལ་དབྱེ་ན་སྒྲ་འདྲ་བས་དོན་ནོར་བའི་འཁྲུལ་བ་སེལ་ཕྱིར་དག་ཡིག་གི་རྩ་ཁྲིམས་། ཕྲད་དང་རྣམ་དབྱེའི་འགལ་འདུ་སེལ་བའི་རྩ་ཁྲིམས་སུམ་ཅུ་པ། ཡི་གེའི་རྟགས་དང་བདག་གཞན་དུས་གསུམ། བྱ་ཚིག་གི་འཁྲུལ་བ་སེལ་ཕྱིར་རྟགས་འཇུག་གི་རྩ་ཁྲིམས་གསུམ་ལ་བོད་ཀྱི་བརྡ་སྤྲོད་པ་ཞེས་ཡོངས་སུ་གྲགས་པ་ཡིན་ལ་འདི་གསུམ་གྱི་ནང་དུ་སུམ་ཅུ་པ་ལ་ཆ་མཚོན་ན་དབྱངས་བཞི་དང་གསལ་བྱེད་སུམ་ཅུ། སྔོན་འཇུག་ལྔ་དང་རྗེས་འཇུག་བཅུ། ཡང་འཇུག་གཉིས་དང་མགོ་ཡིག་གསུམ། འདོགས་ཡིག་གསུམ་དང་ཝ་ཟུར་གཅིག་བཅས་སོ་སོར་སྣོན་འཕྲི་མིདགོས་པ་ནི་ཀུན་གྱིས་མ་ཉན་ན་ཡང་ཤེས་འོས་པའི་ཚད་དུ་གདའ། རྣམ་དབྱེ་བརྒྱདཀྱི་ནང་དུ་མ་འདུས་པའི་རྣམ་དབྱེ་དགུ་པ་ཞིག་འདས་དང་འབྱུང་འགྱུར་གཉིས་ཀའི་ནང་དུ་མི་དགོས་པ་ནི་འདས་པའི་བྱུང་རབས་དང་ད་ལྟའི་དངོས་མཐོང་གཉིས་ཀས་ཐག་བཅད་པའི་འབྱུང་འགྱུར་གྱི་རྣམ་དབྱེའི་ལམ་ཐིག་དེ་ཡིན་པས་རྣམ་དབྱེ་བརྒྱད་ལ་འཕྲི་སྣོན་མི་དགོས་པ་ནི་རྣམ་དབྱེས་ཐག་བཅད་ཤག།
ཕྲད་ལ་དབྱེ་ན་གཉིས་ཏེ་ཕྲད་རང་དབང་ཅན་དང་གཞན་དབང་ཅན་གཉིས་ཀྱི་ནང་དུ་མི་འདུ་བའི་ཕྲད་ཕུང་པོ་གསུམ་པ་ཞིག་སྣོན་པ་དང་འཕྲི་འཐེན་བྱ་མི་དགོས་པ་དེ་བོད་སྐད་ཡིག་གི་ཕྲད་ཀྱིས་ཐག་གཅོད་རེད། རྩ་བའི་བོད་ཀྱི་སྐད་ཡིག་ལ་སྒྲ་གདངས་དྲག་ཞན་གཉིས་ཀྱི་ནང་དུ་མི་འདུ་བའི་སྒྲ་གདངས་ཞིག་དང་བྱེ་བྲག་སྒྲ་གདངས་ལྔ་ཡི་ནང་དུ་མི་འདུ་བའི་སྒྲ་གདངས་ཞིག་མེད་པས་སྒྲ་གདངས་ལ་འཕྲི་སྣོན་མི་དགོས་པ་ནི་བོད་སྐད་སྒྲ་གདངས་ཀྱིས་ཐག་གཅོད་ཅིག་རེད་། དེ་བཞིན་དངོས་པོ་བདག་གཞན་དུས་གསུམ་གྱི་ནང་དུ་མི་འདུ་བའི་བྱ་ཚིག་ཅིག་མེད་པ་ནི་བདག་གཞན་གྱི་དུས་གསུམ་གྱིས་ཐག་གཅོད་ཅིག་རེད། དག་ཡིག་ནི་མིང་ཚིག་གསར་བཟོ་བྱས་པ་རྣམས་ལ་དག་ཆ་གཏན་འཁེལ་དགོས་པའི་རིགས་ཁ་སྣོན་བྱ་དགོས་པ་འོས་སུ་མཐོང་། སྤྱིར་དག་ཡིག་འདི་བོད་སྐད་ནང་འགོ་ག་དུས་བཙུགས་ཡོད་མིན་མ་ངེས་ཀྱང་འདི་ཉིད་བཀོལ་སྤྱོད་བྱེད་པའི་རྒྱུད་རིམ་ལ་ཞིབ་འཇུག་དང་འདི་དར་བའི་སྐྱོ་ཉམས་སོགས་ལ་བསམ་ཚེ་ང་ཚོའི་མེས་པོའི་སྐད་ཡིག་དང་ང་ཚོའི་བར་ལ་བར་ཐག་ལེ་དབར་ཁྲི་ཕྲག་མང་པོ་ཆོད་པ་དང་བོད་བཙན་པོའི་མེས་སྐད་ཀྱི་གདངས་དེ་བང་གསོ་དང་ལྷན་དུ་འཇིགས་སོང་བའི་ངུ་སྒྲ་ཞིག་ཏུན་ཧོང་གཏེར་ཡིག་དང་རྡོ་རིང་དང་དྲིལ་བུའི་ཡིག་རྙིང་ལས་ལྷང་ལྷང་དུ་ཐོས་བཞིན་པ་འདི་ནི་མཁས་པ་ཚོས་མཁས་རྟགས་བསྟན་དྲགས་ནས་འཕུང་བ་དང་བླུན་པོ་ཚོས་ཨ་གསར་ཆེ་དྲགས་ནས་ཕུང་བཞག་པ་ཡིན།སྐབས་རེ་བདག་གི་ལོག་ཤེས་སུ་བཀས་བཅད་དེ་ཚོའི་ཁྲོད་དུ་ལེགས་པའི་ཆ་ལ་བོད་སྐད་ཡིག་གི་ཤ་ལྷགས་བཅད་ཡོད་ངེས་ལ་ཞན་པའི་ཆ་ལ་བོད་སྐད་ཀྱི་ལྗགས་རྩེ་བཅད་མེད་པའི་ཁ་ཚོན་བཅད་ཁག་པའི་ཚོར་སྣང་སྐྱེས་བྱུང་འདི་ཚོ་ནི་ཞོལ་འཕྲོས་ཙམ་ལས་དཀྱུས་ལ་འཇུག་པར་མི་བྱ། ཇི་སྐད་དུ་གོམས་ནས་བསླ་བར་མི་འགྱུར་བའི་།།དངོས་དེ་གང་ཡང་ཡོད་མ་ཡིན་།།ཞེས་གསུང་པ་བོད་སྐད་ཡིག་ལ་གོམས་པ་དང་དུ་མ་བླང་པར་ལས་བསླ་པོའི་སྒོ་ནས་ཤེས་སྤྱོད་བྱ་འདོད་བྱེད་པ་དེ་ནི་རང་སྣང་གང་དྲན་དུ་བཤད་པའི་སྐྱིད་གཏམ་ཞིག་ཏུ་མཐོང་། ལག་ལེན་འདུམ་བདེའི་མན་ངག་ནི་སུམ་རྟགས་དག་གསུམ་དང་སྨྲ་སྒོ་མཚོན་ཆ། གནས་བརྒྱད་རྩ་འགྲེལ། སྒྲ་སྦྱོར་བམ་གཉིས། ཚོགས་གསུམ་གསལ་བྱེད་ལས་ལྷག་པ་ཞིག་དགོས་ལ་མི་དགོས་ལ་དེ་ལ་ལྷག་པའི་མན་ངག་ཅིག་སུ་ལའང་བཤད་རྒྱུ་མེད་ངེས་རེད། སྤྱིར་བཏང་བོད་ཡིག་བཀོལ་སྤྱོད་མ་བྱས་པར་འདུམ་བདེའི་བེད་སྤྱོད་པར་རེ་བ་བརྒྱག་པ་ནི་ཤིང་སྡོང་མ་བཏབ་པར་ཀུ་ཤུ་པང་སྟེང་ཟགས་རེ་རྒྱབ་པ་ལྟར་ཤིན་ཏུ་བླུན་པའི་རྟགས་རེད་། དཔེར་ན་བོད་པའི་ཕྱུ་པ་དེ་གྱོན་ན་ལུས་མི་བདེ་བ་དང་ལས་ཀ་བྱ་ཐབས་བྲལ་བའི་ཚོར་སྣང་དེ་དེང་རྒྱ་གར་དུ་འཚར་ལོང་བྱེད་བཞིན་པའི་བོད་པ་ཕལ་ཆེར་ལ་ཡོད་།གནད་དོན་དེ་ནི་ཕྱུ་པ་མ་གྱོན་པའི་སྐྱོན་ཡིན་པ་ལས་ཕྱུ་པའི་སྐྱོན་ག་ལ་བགྲངས་འོས་གནའ་རབས་བོད་པའི་མེས་པོ་ཚོས་ཕྱུ་པ་གྱོན་ནས་དམག་བརྒྱབ་ཡོད་ལ་ངལ་རྩོལ་བྱས་ཡོད།ཁོང་ཚོ་ལ་མཚོན་ན་བོད་ཆས་སམ་ཕྱུ་པ་ནི་ལུས་ལ་བདེ་ཐག་ཆོད་ཡོད་པ་ལས་མ་བདེ་བའི་གནས་ཚུལ་རྐང་ཅིག་ཀྱང་རྒྱལ་རབས་དང་ལོ་རྒྱུས་གང་གི་ནང་དུ་མཐོང་རྒྱུ་མི་འདུག་ཅེས་སྐད་སངས་མཐོ་པོས་བསྒྲགས་པ་ཡིན། འོན་ཀྱང་དེང་སང་ཕྱུ་པ་འདུམ་བདེར་བཅོས་ནས་སྟོད་དུམ་སྨད་དུམ་བཟོས་པའི་བུ་ཡི་ཕྱུ་པ་དང་ནང་མཐུ་མེད་མེད་ཅིང་རྐུབ་འབུར་མཐོང་བྱེད་པའི་བུད་མེད་ཕྱུ་པ་དེ་ཚོས་ང་ཚོ་མེས་པོའི་གདོང་རིས་ཆུ་ལ་གཡུག་པ་ནི་འདུམ་བདེ་བྱ་ཐལ་ཤོར་བའི་དཔེ་རུ་བགྲངས་པ་ཡིན།། ང་ནི་བོད་སྐད་ཡིག་བཀོལ་སྤྱོད་བྱེད་པའི་ཁྲོད་དུ་འདུམ་བདེ་ཐག་ཆོད་འདུག་ལ་སློབ་འཁྲིད་བྱེད་པའི་བརྒྱུད་རིམ་ནང་དུ་འདུམ་མི་བདེ་བ་ཅི་ཡང་མི་འདུག་པས་འདི་ལས་ལྷག་པའི་འདུམ་བདེ་ཞིག་ཁོ་བོར་གླེང་རྒྱུ་མ་མཆིས་པས་འདུམ་བདེའི་བཤད་པ་སྤངས་པ་ཡིན།

བཅོ་ལྔ་པ། བོད་ཀྱི་བརྡ་སྤྲོད་རིག་པར་འཕྲི་སྣོན་བྱ་དགོས་འདུག་སྙམ་པའི་བསམ་བློའི་ཁུངས་གླེང་བ།
དེང་གི་དུས་སུ་བོད་སྐད་ཡིག་ལ་འགྱུར་བ་གཏོང་དགོས་འདུག་ཅེས་གླེང་མཁན་ཕྱོགས་གསུམ་ཡོད་པ་རེད་།  ཁ་གཅིག་ནི་རང་ཉིད་ཀྱིས་བོད་སྐད་ཡིག་གཏན་ནས་མི་ཤེས་པ་དང་སྦྱངས་པ་ཡང་མེད་པ་ཉིན་རེའི་འཚོ་བ་ཙམ་ལས་བསམ་རྒྱུ་དྲན་རྒྱུ་མེད་པ་ཤ་སྟག་རེད་ཁོང་ཚོའི་སེམས་སུ་བོད་སྐད་ཡིག་ནི་རང་ཉིད་དང་རང་གི་ཕྲུ་གུ་དག་གི་མི་ཚེའི་གེགས་དང་འདུན་ལམ་གྱི་བཀག་རྡོ་ལྟ་བུར་བལྟ་གི་ཡོད་པ་ནི་ལོ་ཤས་སྔོན་ལ་སྤྱི་འཐུས་གྲོས་ཚོགས་ནང་དུ་ཤེས་ཡོན་ལམ་རིམ་འགྲོ་བཞིན་པའི་སྐབས་སུ་ངའི་པུ་གུ་དེ་འདྲའི་ཤེས་ཡོན་སྲི་བྱུས་ལག་བསྟར་ཅན་གྱི་སློབ་གྲྭར་གཏང་གི་མིན་ཞེས་སེམས་གཏིང་དུ་བོད་ཡིག་ལ་བརྒྱབ་པའི་ནག་ཐིག་དེ་ཁ་ནས་ལུད་པ་རེད་མི་དེའི་རིགས་ལ་དགོས་པ་ནི་ཉིན་རེའི་བཟའ་བཏུང་ཙམ་ལས་གཞན་གང་ཡང་མི་དགོས་པ་གསལ་ཐིང་ངེར་གྱུར་སོང་ལ་ཁོ་ཚོས་བོད་སྐད་ཡིག་ལ་ལེགས་ཉེས་བརྗོད་པའི་ཐོབ་ཐང་ཅི་ཡང་མེད་ལ་སྣོན་འཕྲི་དགོས་པའི་ཧམ་གཏམ་དེ་ཚོར་ལན་འབུལ་བ་ནི་དབུགས་འཕྲོ་བརླགས་ཙམ་ལས་གང་ཡང་མ་མཆིས་སོ། ཡང་ཁ་ཅིག་ནི་བོད་མི་རིགས་ལ་ཞེན་པ་ཆེ་ན་ཡང་དུས་རྟག་ཏུ་བོད་སྐད་ཡིག་གིས་གང་ཡང་འདངས་ཀྱི་མེད་པ་དང་དེང་དུས་ཚན་རིག་ཤེས་བྱ་དག་བོད་སྐད་ཡིག་ནང་དུ་མེད་པ་རྒྱུ་མཚན་བཀོད་ནས་བོད་སྐད་ཡིག་ལ་ནག་པོ་ནག་རྐྱང་བལྟ་བ་ནི་རྨོངས་རྟགས་ཤིག་ཡིན་ཏེ་ཁོ་པ་ཚོས་བསམ་པར་བོད་སྐད་ཡིག་མིས་བཀོལ་སྤྱོད་བྱ་མ་དགོས་པར་སྐད་ཡིག་རང་ངོས་ནས་དེང་དུས་ཤེས་བྱའི་ནང་དུ་ཕར་འཛུལ་ནས་བོད་མི་རིགས་ཀྱི་འདོད་བློ་བསྐངས་དགོས་པར་འདོད་པ་ནི་ཅི་འདྲའི་བཞད་གད་ཀྱི་གནས་ཤིག་མ་རེད་དམ་དེ་འདྲའི་སྐད་ཡིག་དུས་གསུམ་དུ་འབྱུང་བར་མི་སྲིད་དོ། བོད་པ་རང་ཉིད་ཀྱིས་མ་འཇོན་པའི་ནོར་འཁྲུལ་ཡོད་ཚད་བོད་སྐད་ཡིག་སྟེང་དུ་བཀལ་བ་ནི་རྒྱུ་འབྲས་གཏན་ནས་མེད་པའི་ཧམ་བཤད་ཅིག་ལོས་ཡིན།བོད་སྐད་ཡིག་གིས་ཕྲ་བོ་ཆོས་ཀྱི་དེ་ཉིད་བཤད་ཐུབ་ན་དེང་གི་ཚན་རིག་གི་ཤེས་བྱ་རག་པ་དེ་ཚོའི་དོན་སྟོན་མི་ཐུབ་ཅེས་པ་དེ་བླུན་བཤད་ཡ་ང་བ་ཞིག་ཏུ་ཁོ་བོས་མཐོང་།དེས་ན་སྐད་ཡིག་དང་སྒོར་མོ་གཏན་ནས་མི་འདྲ་སྒོར་མོ་ནི་བེད་སྤྱོད་བྱས་རིམ་བཞིན་དུ་ཉུང་དུ་འགྲོ་བ་དང་སྐད་ཡིག་ནི་བཀོལ་སྤྱོད་བྱས་རིམ་བཞིན་དུ་གོང་འཕེལ་འགྲོ་བའི་ཆོས་ཉིད་འདི་རྟོགས་པར་བྱས་ཏེ་བོད་སྐད་ཡིག་བེད་སྤྱོད་བྱས་ན་རྫོགས་འགྲོ་བའི་སེར་སྣ་ཆེན་པོ་འདི་བློས་བཏང་སྟེ་དེང་དུས་ཤེས་བྱ་ཡོད་ཚད་ནང་དུ་བོད་སྐད་ཡིག་བཀོལ་སྤྱོད་གྱིས་དང་བོད་སྐད་ཡིག་ནུས་པ་ནི་ཚད་གཞལ་བར་མི་ནུས་པའི་གནས་ལུགས་ཟབ་མོ་འདི་རྟོགས་ངེས་ཡིན། ཡང་ཁ་ཅིག་ནི་བོད་ཀྱི་སྐད་ཡིག་ལ་སྦྱང་པ་ཐོབ་ཅིང་དབྱིན་སྐད་དང་རྒྱ་སྐད་སོགས་སྐད་ཡིག་སྣ་ཚོགས་ལ་འགྲོ་སྟངས་ཕྲན་བུ་ཆགས་པའི་ང་རྒྱལ་གྱི་སྲོག་དབུགས་ཁ་ནས་ལུད་བཞིན་མི་ཚེའི་བྱ་བ་ཕལ་ཆེར་དབྱིན་མོ་དང་རྒྱ་མོ་ལྷན་དུ་སྐྱེལ་ཞིང་དེ་དག་གིས་བོད་རྒྱུད་ནང་བསྟན་ལ་དད་པ་ཆེ་ཁུལ་དང་བོད་ཀྱི་རིག་གཞུང་ལ་ཞིབ་འཇུག་བྱ་ཁུལ་གྱིས་ཉིན་རེའི་འཚོ་བ་བོད་ཡིག་ལ་བརྟེན་བཞིན་པའི་མི་བུ་དེ་དག་གིས་མཁས་མདོག་ཁོག་ཏུ་སྦས་ནས་བློ་ཁོག་ཆེ་མདོག་གི་གཏམ་ཚིག་ཁ་ནས་ལུད་བཞིན་བོད་ཀྱི་བརྡ་སྤྲོད་རིག་པ་ལ་འགྱུར་བ་གཏོང་དགོས་པ་དང་གཏང་དགོས་དོན་ཡང་མི་རིག་གཞན་གྱི་སྐད་ཡིག་ལ་ཡོད་པའི་ཁྱད་ཆོས་དེ་བོད་ཡིག་ལ་མེད་ཚུལ་གླེང་སྟེ་བརྡ་སྤྲོད་ཀྱི་རྣམ་གཞག་ཡོད་ཚད་ཕྱི་སྐད་ལ་སྦྱར་ནས་འཁྲིད་ཐབས་བྱེད་པ་དེ་ནི་དབྱིན་མོའི་སྣ་ཟུར་དེ་སྙིང་རྗེ་མོར་བཏགས་ནས་དེ་བོད་མོ་ལ་མེད་པ་སྐྱོན་དུ་བལྟས་ཏེ་དབྱིན་མོའི་སྣ་ཟུར་བཀག་ནས་བོད་མོ་སྣ་ཟུར་བཟོས་པའམ་ཡང་ན་བོད་པའི་བུ་མོའི་སྐྲ་མདོག་ནག་པོ་དེ་རྫོབ་པོར་བཏགས་ནས་སྐྲ་རྩི་སེར་པོ་བྱུག་ནས་སྐྲ་སེར་ཅན་དུ་བཅོས་པ་དང་གཉིས་སུ་མེད་པ་དེ་ནི་ཅི་འདྲའི་སྐྱུག་བྲོ་བ་ཞིག་མ་རེད་དམ། ཁོ་པ་ཚོའི་བརྡ་སྤྲོད་འགྲེལ་བཤད་ཁྲོད་དུ་བོད་པ་སུ་ལ་དོགས་པ་སྐྱེ་མ་མྱོང་བའི་དོགས་པ་སྐྱེས་ཡོད་དཔེར་ན་ཡོད་སྒྲ་དང་ཡིན་སྒྲ་རེད་སྒྲ་སོགས་ཇི་ལྟར་བེད་སྤྱོད་བྱ་དགོས་པ་ལྟ་བུ་ཧ་ཅང་མང་ལ་་དེ་དག་མན་ངག་ལྟ་བུར་རྩིས་ཏེ་དར་ཆ་བཞིན་འཕྱར་ནས་མཁས་ཉམས་བསྟན་ཡང་དོན་དུ་བླུན་རྟགས་འབའ་ཞིག་མངོན་ཞིང་ཁོ་ཚོས་གླེང་བའི་ཞན་ཆ་ནི་བོད་སྐད་ཡིག་གི་ཞན་ཆ་མ་ཡིན་ལ་ཁོ་པ་ཚོས་སློབ་མ་སྐྲ་སེར་ཅན་དེ་ཚོ་བོད་པ་མ་ཡིན་པ་དང་བོད་པའི་ལེགས་བྱང་མེད་པའི་ཞན་ཆ་དེ་ཡིན་པ་ཤེས་པ་གལ་ཆེ།། འདས་པའི་དུས་སུ་བོད་ཀྱི་ལོ་ཙྭ་བས་ལེགས་སྦྱར་སྐད་ཀྱི་རང་བཞིན་ལ་རང་ཆས་སུ་ཡོད་པའི་རྣམ་དབྱེ་དང་གཅིག་ཚིག་དང་ཉིས་ཚིག་མང་ཚིག་སོགས་བོད་སྐད་ལ་རང་ཆས་སུ་མེད་ཀྱང་དོན་སྟོན་ཐུབ་པ་དེ་རང་སོར་བཞག་པ་ལ་བཅོས་བསྒྱུར་གྱི་སྐད་ཆེན་བརྒྱབ་མེད་པ་ནི་དོན་གྱི་མཁས་པ་ཡིན་པའི་རྟགས་སུ་འདོད།

མཐའ་བསྡོམས་ཐུང་ངུ།
ང་ཚོ་བོད་པའི་སེམས་ཁམས་སུ་དེང་དུས་ཤེས་རིག་གི་རྗེས་སུ་ལུས་པ་དེས་ཡོད་ཚད་ཕུང་སོང་བསམ་པ་དང་ཕུང་སོང་ཞེས་མགྲིན་ཅིག་ཏུ་གླེང་བཞིན་དངངས་སྐྲག་དང་འཚབ་ཤ་ལང་ཡོད་དེ་ནི་མནོ་བསམ་ཅི་ཡང་མ་བཞེས་པའི་ཅ་ཅོ་ཞིག་སྟེ་དོན་ངོ་མར་བསམ་ན་དེང་དུས་ཤེས་རིག་གིས་འཛམ་གླིང་ཡོངས་རྫོགས་དབང་བསྒྱུར་བྱེད་བཞིན་ཡོད་པས་བོད་པ་ཡང་དེའི་དབང་བསྒྱུར་འོག་ཏུ་མ་ཚུད་པར་ག་བར་གནས་ཐུབ་བམ་དེང་དུས་ཤེས་རིག་ང་ཚོའི་མིག་དང་རྣ་བ། སྣ་དང་ཁ་སོགས་དོན་ལྔ་སྣོད་དྲུག་ནང་དུ་ཚུར་བཙན་འཛུལ་བྱ་སྟངས་ལ་བརྟགས་ན་ང་ཚོ་སྔོན་ཐོན་ཆགས་པའི་རེ་བ་ཡང་མེད་པ་ཅི་ལ་ཡིན། འོན་ཀྱང་ང་ཚོའི་ཕ་མེས་ཀྱི་རིག་གཞུང་དང་སྐད་ཡིག་ནི་ཉིན་རེ་བཞིན་ང་ཚོ་དང་རྒྱང་རིང་དུ་གྱུར་ཏེ་ལྔ་ལམ་དུ་བཞུད་བཞིན་པའི་ཆག་འཇིག་གི་གནས་བབ་འདི་སུས་ཀྱང་མི་གླེང་བ་དང་གླེང་ཀྱང་རིན་ཐང་མི་བརྩི་བ་སོགས་ནི་ང་ཚོས་མི་རབས་རྗེས་མའི་མདུན་དུ་འཇོག་བཞིན་པའི་རྐང་རྗེས་ནག་པོ་ཞིག་རེད་། བོད་ཡིག་འདི་ཉིད་བོད་པའི་ལྕེ་ཐོག་ནས་འཇིག་པ་ལས་འཛམ་གླིང་འདི་ནས་འཇིག་ཆོག་ཆོག་ཅིག་ག་ལ་ཡིན་དེང་རྒྱ་གར་གཙོ་བོར་གྱུར་པའི་མཐོ་སློབ་ཁང་མང་པོའི་ནང་དུ་བོད་ཡིག་གི་སྡེ་ཚན་གསར་འཛུགས་བྱེད་བཞིན་པའི་ཚ་རླབས་འཕྱུར་ཡོད་ལ་ནང་ཆོས་སློབ་གཉེར་བྱེད་བཞིན་པའི་མི་འབོར་ས་ཡ་མང་པོས་བོད་སྐད་ཡིག་ལ་སྦྱང་བརྩོན་བྱ་སྟངས་སོགས་ལ་བལྟས་ན་བོད་སྐད་ཡིག་གིས་འཛམ་གླིང་གི་ཁྲོད་གནས་བབ་ག་ཚོད་ཟིམ་ཡོད་པ་རྟོགས་ཐུབ་། ངས་བོད་སྐད་ཡིག་འཇིག་རྟེན་འདི་ནས་མ་འཇིག་གོང་བོད་པའི་ལྕེ་ཐོག་ནས་འཇིག་ལ་ཉེ་བའི་ཚོར་སྣང་ཕྱིར་རུ་བསྒྲགས་པ་ཡིན་ལ་འབྱུང་འགྱུར་བོད་སྐད་གཏན་ནས་མི་ཤེས་པའི་བོད་པ་སྐོར་ཞིག་གིས་གཞན་སྐད་སྨྲ་བཞིན་བོད་རང་བཙན་བླང་ནའང་དགའ་བ་ལ་སྐྱོ་བ་མང་ངེས་ཡིན། དེས་ན་བོད་སྐད་སྨྲ་ཤེས་ཤིང་དོན་གོ་བ། བོད་མི་རིགས་སུ་སྐྱེས་པ་ནི་བོད་པའི་མཚན་ཉིད་དུ་འཇོག་རྒྱུ་ཡིན། མཚན་ཉིད་འདི་དང་མི་ལྡན་པ་གང་དེར་བོད་པ་ཞེས་པའི་ཐ་སྙད་བཏགས་དོན་རང་འགག་ཏུ་འགྲོ་བ་ནི་རང་ཉིད་ཀྱིས་བཟོས་པའི་ནོར་འཁྲུལ་རེད་ཅེས་པ་དང་ཆབས་ཅིག་མཇུག་བསྒྲིལ་བ་ཡིན།།།
བོད་རྒྱལ་ལོ།། བོད་ཀྱ་སྐད་ཡིག་རྒྱལ་ལོ། །བོད་ཀྱི་སྐད་ཡིག་གི་བདེན་པ་རྒྱལ་ལོ།།